数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第03版:

རྐྱེན་ ངན་ དེ།

དགེ་རྒན་ཆོས་སྐྱིད་ཀྱིས་ཁོ་མོས་གྲ་སྒྲིག་གང་ལེགས་བྱས་པའི་སློབ་ཁྲིད་ཀྱི་ཇུས་འགོད་ལྟར། རིམ་པ་བཞིན་དང་འཁྲུལ་མེད་སྒོས་སློབ་ཁྲིད་གནང་། ཁྲིད་སྟངས་ཀྱི་གོ་རིམ་སློབ་མ་རྣམས་ལ་མཚོན་ན་ཐེངས་མང་ཁྲིད་པས་གསར་བའི་ཚོར་སྣང་གང་ཡང་མེད། དེ་རིང་གི་ཁྲིད་སྟངས་ནི་ཚང་མ་ལ་ལྟད་མོའི་ཚུལ་གྱིས་ཁྲིད་པ་ཙམ་ཡིན།

དེ་རིང་དགེ་རྒན་ཆོས་སྐྱིད་ཀྱིས་མཱ་ཞའོ་ཐིའོ་ལ་དྲི་བ་གང་ཡང་དྲིས་མེད་ནའང་། དགེ་རྒན་ཆོས་སྐྱིད་ཀྱིས་དྲི་བ་ཐེངས་གཅིག་དྲིས་པའི་ཚེ་ན། མཱ་ཞའོ་ཐིའོ་ཡིས་ལག་པ་མཐོན་པོར་བཀྱགས། དེ་ནི་དགེ་རྒན་ཆོས་སྐྱིད་ཀྱིས་གཏན་འཁེལ་བྱས་པ་རེད།

སློབ་ཁྲིད་ཀྱི་ཁྲིད་མཚམས་ནི་མཇུག་ལ་ཐུག་ཡོད། དགེ་རྒན་ཆོས་སྐྱིད་ཀྱི་བཀོད་སྒྲིག་ལྟར་ན་དེ་ནི་ཧ་ཅང་གལ་འགངས་ཆེན་པོའི་ཁྲིད་མཚམས་ལ་ཐུག་ཡོད། མཱ་ཞའོ་ཐིའོ་ཡིས་ཁོའི་དྲུང་ལ་བསྡད་པའི་ཀླུ་སྨན་ཅུང་འཚབ་ལངས་ཡོད་པ་ཤེས། ཁོ་མོ་འཚབ་ལངས་པའི་རྒྱུ་མཚན་ནི་དགེ་རྒན་ཆོས་སྐྱིད་ཀྱིས་བཀོད་སྒྲིག་ལྟར་ཁོ་མོས་ལན་འདེབས་དགོས།

སློབ་གྲོགས་སུས《རྐུ་མའི་རྗེས་ལ་ར་མདའ》ཞེས་པའི་སློབ་ཚན་དེས་ང་ཚོར་བློ་སྒོ་ཇི་ལྟར་ཕྱེས་ཡོད་པ་ལན་འདེབས་འདོད་ཡོད་ཅེས་དྲིས།

སློབ་ཁང་ནང་དུ་ལག་པ་ཞེ་བརྒྱད་པོ་ལྷན་གཅིག་ཏུ་བཀྱགས། མཱ་ཞའོ་ཐིའོ་ཡིས་ཞིབ་ལྟ་བྱས་སྐབས་ཚང་མས་གཡས་ལག་བཀྱགས་འདུག་པ་ལས་གཡོན་ལག་འགྱོག་མཁན་གཅིག་ཀྱང་མེད། ཚུལ་དེ་ལ་བལྟས་ན་ཚང་མས་དྲི་བ་དེ་ལན་འདེབས་ཤེས། ཡིན་ན་ཡང་སློབ་གྲོགས་ཚང་མས་ཤེས་འདུག་པ་ནི་དྲི་བ་དེ་དགེ་རྒན་ཆོས་སྐྱིད་ཀྱིས་ཀླུ་སྨན་ལ་བཀོད་སྒྲིག་བྱས་ཡོད་པས་ཁོ་ཚོས་ལག་པ་བཀྱགས་པ་དེ་ཚུགས་ཀ་འཇོག་པ་ཁོ་ན་ཙམ་ཡིན།

སྔོན་གྱི་བཀོད་སྒྲིག་ལྟར། དགེ་རྒན་ཆོས་སྐྱིད་ཀྱིས་ཀླུ་སྨན་གྱིས་དྲི་བ་དེ་ལན་འདེབས་པར་བཅུག

ཀླུ་སྨན་ཡར་ལངས་སྐབས་མཱ་ཞའོ་ཐིའོ་ཡིས་ཁོ་མོའི་རྐང་བ་ཅུང་འདར་བཞིན་པ་དང་སྐད་ཀྱང་འདར་བཞིན་ཡོད་པ་ཚོར་སྣང་ཐུབ།

《རྐུ་མའི་རྗེས་ལ་ར་མདའ》ཞེས་པའི་སློབ་ཚན་དེས་ང་ཚོར་བློ་སྒོ་འདི་ལྟར་ཕྱེས། མི་སུ་ཡིན་རུང་ཡིད་འཇོག་མ་བྱས་ན་ནོར་འཁྲུལ་རེ་འབྱུང་སྲིད་པས། ནོར་འཁྲུལ་བྱུང་སྐབས། རང་གིས་རང་ལ་ཞེས།

ཁ་ལྕེ་རྣོན་པོ་ཡིན་པའི་ཀླུ་སྨན་གྱིས་ཚིག་དེ་བརྗེད་སོང་། ནམ་རྒྱུན་ཐེངས་མང་སྦྱངས་མྱོང་བས་མཱ་ཞའོ་ཐིའོ་ཡིས་ཀླུ་སྨན་གྱིས་དེ་རིང་སློབ་ཁྲིད་འདིར་ཚིག་གང་ཞིག་བཤད་དགོས་པ་དང་ལན་གང་ཞིག་འདེབས་དགོས་པ་གསལ་བོར་ཤེས།

མཱ་ཞའོ་ཐིའོ་ཡིས་སྐད་གདངས་དམའ་མོའི་སྒོས་ཀླུ་སྨན་ལ་རང་གིས་རང་ལ་འཁང་ར་ཞེས་མགོ་ཙམ་ཕྱུང་།

ཀླུ་སྨན་གྱིས་རང་གིས་རང་ལ་འཁང་ར་བྱས་ཏེ་འགྱོད་པ་སྐྱེས་པ་ལས་སྙིང་སྟོབས་ཆེར་སྐྱེད་སྒོས་ཁ་སྣོན་གྱི་བྱེད་ཐབས་འདོན་དགོས་ཞེས་མཱ་ཞའོ་ཐིའོ་ཡི་བཤད་འཕྲོར་ལྟར་དུ་བཤད།

ཀླུ་སྨན་གྱིས་ལན་བཏབ་པ་དེ་ཧ་ཅང་འགྲིག་འདུག

དགེ་རྒན་ཆོས་སྐྱིད་ཀྱིས་མཱ་ཞའོ་ཐིའོ་ཡིས་གང་ཐུབ་ཅི་ནུས་ཀྱིས་ལག་པ་བཀྱགས་པ་དེ་མཐོང་སྟེ་སེམས་ལ་ཁོ་བོས་ལན་ཞིག་འདེབས་པ་མ་བཅུག་ན་མི་འགྲིག་པར་སྙམ་སྟེ། མཱ་ཞའོ་ཐིའོ། ཁྱོད་རང་གིས་ཁ་སྣོན་བྱེད་རྒྱུ་ཡོད་དམ་ཞེས་དྲིས།

མཱ་ཞའོ་ཐིའོ་ཡར་ལངས་ཏེ། ངས་བལྟས་ན་ཀླུ་སྨན་གྱིས་ལན་བཏབ་པ་དེ་ཁ་རྩང་འདྲ་མིན། ཁ་རྩང་ཁོ་བོས་ཞེས་བཤད་མཚམས་བཞག་སྐབས།

དགེ་རྒན་ཆོས་སྐྱིད་ཀྱི་བཞིན་རས་གྱུར་དེ་སྐད་གདངས་ཅུང་དམའ་མོའི་སྒོ་ནས་སྡོད་ཅིག་ཟེར།

སློབ་ཁང་ནང་དུ་གློ་བུར་འུད་སྒྲ་ཞིག་ངང་གིས་བསླངས་བྱུང་། ཚང་མ་གཅིག་གིས་གཅིག་ལ་ཅེར། མཱ་ཞའོ་ཐིའོ་ཡིས་གསང་བའི་ཚུལ་དེ་བཤད་ཡོད་པ་ནི་གདོན་མི་ཟ་བ། ལྷ་ལྕམ་ཁའེ་སའེ་ལིན་གྱིས་རྒྱ་སྐད་ཤེས་པས་མཱ་ཞའོ་ཐིའོ་ཡིས་བཤད་འདུག་པ་དེའང་ཧ་གོ་བྱུང་། ཁོ་མོས་ཕྲག་ཁ་སིག་སིག་བྱས་ཏེ་ཁོ་བོའི་དྲུང་ལ་བསྡད་པའི་སློབ་གྲྭའི་སློབ་གཙོ་ལ། སྐུ་ཞབས་སློབ་གཙོ་ལགས། གལ་ཏེ་ངས་གོ་བ་བླངས་པ་དེ་ནོར་བ་མིན་ན་ད་ཅི་སྐྱེས་པ་དེས་ཟེར་འདུག་པ་དེ་བུད་མེད་སློབ་གྲོགས་དེས་ཁ་རྩང་ལན་བཏབ་པ་དེ་རིང་ལས་བཟང་ཟེར་འདུག་པས། སློབ་ཚན་གཅིག་ལ་ཁྱེད་ཚོའི་དགེ་རྒན་གྱིས་ཐེངས་འགར་ཁྲིད་བཞིན་ཡོད་དམ་ཞེས་དྲིས།

འདི་འདི་ཞེས།

སློབ་གཙོས་ལྷ་ལྕམ་ཁའེ་སའེ་ལིན་ལ་ཐེངས་མང་གསལ་བཤད་བྱས་མོད་ཀྱང་སེམས་པ་ལུ་གུ་ལྡིང་ལྡིང་བྱེད་བཞིན་འདུག ཁོས་གསལ་བཤད་དེས་རྒྱལ་སྤྱི་ཐོག་ནས་ཤུགས་རྐྱེན་ངན་པ་ཐེབས་ཡོད་པ་ལྡོག་ཐུབ་མིན་སུས་ཀྱང་མི་ཤེས།

སློབ་གཙོ་དང་དགེ་རྒན་ཆོས་སྐྱིད་ཀྱིས་སེམས་ལ་རྐྱེན་ངན་དེ་མཱ་ཞའོ་ཐིའོ་ཡིས་བསླངས་འདུག་སྙམ་མོད་ཀྱང་། ཁ་ལ་བཤད་མ་ཕོད་པས་མཱ་ཞའོ་ཐིའོ་ཡིས་ད་དུང་ཁོ་བོས་རྐྱེན་ངན་གང་ཞིག་བཟོས་ཡོད་པ་ཤེས་མེད།

ཉིན་དེར་མཱ་ཞའོ་ཐིའོ་ཡི་སེམས་ལ་སྔར་བཞིན་ཧ་ཅང་སྐྱིད་འདུག♦རིག་ལྡན་གྱིས་བསྒྱུར།(3)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-01-09 4 4 阿坝日报藏文 c50750.html 1 རྐྱེན་ ངན་ དེ། /enpproperty-->