数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第02版:

འབྱོར་ འབྲིང་ གི་ མྱུར་ བགྲོད་ གཞུང་ ལམ་ བསྐྲུན་ པར་ འབད།

2017ལོའི་རང་ཁུལ་གྱི་འགྲིམ་འགྲུལ་འཛུགས་སྐྲུན་ལས་དོན་སྐོར་གྱི་རགས་བཀོད།

ན་ནིང་ལོ་མགོར་མཚོ་ངོས་ལས་མཐོ་ཚད་སྨི2200ལྷག་གི་ཡན་དུ་ཡོད་པའི་ཝུན་ཁྲོན་རྫོང་ཁོ་ཀུའུ་ཡུལ་ཚོའི་མུའུ་ཧྲང་ཀྲའེ་གྲོང་ཚོའི་གྲོང་ལམ་བསྐྲུན་རྗེས་སྡེ་བའི་ལས་བྱེད་པ་རིན་པོས་གསར་འགོད་པར་བཤད་རྒྱུར། སྔོན་ཆད་གནས་འདིའི་རི་བོ་གཟར་ཞིང་ལམ་འཕྲང་དོག་པས་འགྲོ་འོང་སྟབས་བདེ་པོ་མེད་པས། ཡུལ་མི་ཚོའི་ཐོན་སྐྱེད་དང་འཚོ་བའང་སྟབས་བདེ་མིན། ད་ལྟ་ལམ་ཞེང་ཡངས་པོར་བཏང་བས་འགྲོ་འོང་ལ་དཀའ་ཁག་མི་འདུག་ཟེར།

གྲོང་ཚོ་ནས་ཕྱི་རོལ་དུ་བགྲོད་པའི་ལམ་བུ་ཉག་གཅིག་ཡིན་པའི་མུའུ་ཧྲང་གྲོང་ཚོའི་ལམ་བུ་ནི་གཡང་གཟར་ངོས་སུ་ཞེང་ལ་སྨི2.5ལས་མེད་ཀྱང་། ད་ལྟ་ང་ཚོས་སྨི3.5རུ་རྒྱ་བསྐྱེད་པས་ཞིང་སྤྱོད་འཁོར་རིགས་ཆུང་ངུ་བགྲོད་ཐུབ་པར་གྱུར་ཡོད་ལ། ད་ནི་གྲོང་ཚོས་བཏབ་པའི་ལི་སོབ་ཀྱི་འཚོང་ལམ་ལ་སེམས་ཁུར་བྱ་དགོས་ཀྱི་མེད་པའི་ཁར། གྲོང་བའི་དབུལ་སྒྲོལ་ཕྱུག་སྒྱུར་དང་འབྱོར་འབྲིང་དུ་སྐྱོད་པར་རེ་བ་རྙེད་པ་རེད།

འབྱོར་ཕྱུག་དགོས་ན་ཐོག་མར་ལམ་བུ་བསྐྲུན། མགྱོགས་པོར་ཕྱུག་དགོས་ན་ལམ་བུ་ཡངས་པོ་བསྐྲུན་ཞེས་པའི་བབ་ཆགས་པའི་སྐད་ཆ་འདིར་མུའུ་ཧྲང་གྲོང་ཚོ་ནས་གསལ་ཁ་ཆོད་པའི་འགྲེལ་བ་ལོན་ཞིང་། ལམ་གྱི་འཕོ་འགྱུར་ལས་གྲོང་ཚོར་ཕན་པ་བསམ་གྱིས་མི་ཁྱབ་པ་བྱུང་འདུག འགྲིམ་འགྲུལ་བགྲོད་ལམ་གྱི་འཕོ་འགྱུར་ནི་གྲོང་ལམ་འཛུགས་སྐྲུན་ཁོ་ན་མ་ཡིན་པར། 2017ལོ་ཧྲིལ་བོར་རང་ཁུལ་གྱི་འགྲིམ་འགྲུལ་འཛུགས་སྐྲུན་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར110.7བཏང་ཞིང་། སྒོར་མོ་འབོར་ཆེན་བཏང་བ་ལས་རང་ཁུལ་གྱིས་མགྱོགས་མྱུར་ངང་དེང་རབས་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་བསྐྲུན་པའི་སྤོབས་པ་དང་ཆོད་སེམས་མཚོན་ཞིང་། ད་ལྟ་འབྱོར་འབྲིང་མགྱོགས་ལམ་མང་པོ་རང་ཁུལ་གྱི་སྤྱི་ལེ་གྲུ་བཞི་མ་ཁྲི8.42ཀྱི་ས་ཆེན་དུ་གཅིག་རྗེས་གཉིས་མཐུད་དུ་བཀྲམ་བཞིན་ཡོད།

གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་ལས་གཞིའི་གོམ་སྟབས་བརྟན་པོ་ཡོང་བར་སྐུལ་འདེད་གཏང་བ།

2017ལོའི་ཟླ10བའི་ཚེས1ཉིན་རིང་ཚད་ལ་སྤྱི་ལེ7.98ཡོད་པའི་གངས་རིའི་ཕུག་ལམ་རིང་མོ་དངོས་སུ་ཤར་གཏོང་བྱས་ཤིང་། ད་ལྟའི་བར་རང་ཁུལ་གྱི་ཕུག་ལམ་རིང་ཤོས་དེ་ཤར་གཏོང་བྱས་ཚུན་ནས་ཟུང་ཆུའི་གཙོ་ཚང་སྒུ་གྲོང་རྡལ་ནས་གསེར་མཚོའི་ལྗོངས་ཁུལ་བར་གྱི་ཆུ་ཚོད་ཕྱེད་ཀའི་རླངས་འཁོར་གྱི་ལམ་ཐག་བསྟུང་འདུག

2017ལོའི་ཟླ5བའི་ཚེས8ཉིན་རིང་ཚད་ལ་སྨི4895ཡོད་པའི་ས་སེར་གདོང་གི་ཕུག་ལམ་དངོས་སུ་ཤར་གཏོང་བྱས་ཤིང་། མེན་དབྱང་གྲོང་ཁྱེར་ཕེན་ཝུའུ་རྫོང་ནས་རང་ཁུལ་གྱི་གཟི་རྩ་སྡེ་དགུ་རྫོང་གི་ས་མཚམས་དང་འདྲེས་པའི་ཕུག་ལམ་ཤར་གཏོང་བྱས་པ་ནས། ཕེན་ཝུའུ་ནས་གཟི་རྩའི་བར་གྱི་འགྲོ་འོང་སྔར་བས་སྟབས་བདེར་བཏང་ཞིང་། ཆུ་ཚོད་ཕྱེད་ཀའི་རླངས་འཁོར་གྱི་ལམ་ཐག་བསྟུང་འདུག

2017ལོའི་ཟླ9པའི་ཚེས15ཉིན་ལིས་རྫོང་ནང་ཁོངས་ཀྱིG317ལམ་མཚམས་གི་སེང་གེའི་ཐང་གློག་ཚིགས་ས་ཁུལ་གྱི་ལམ་མཚམས་བརྗེས་པ་ལེགས་པར་གྲུབ་ནས་རླངས་འཁོར་དངོས་སུ་ཤར་གཏོང་བྱས་ཤིང་། ལམ་མཚམས་བརྗེ་སྤོར་གྱི་ལས་གཞི་འཛུགས་སྐྲུན་ནི་རང་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་གྱི་འགོམ་བརྒལ་རང་བཞིན་གྱི་འཕེལ་རྒྱས་དང་བརྟན་འཇགས་ཡུན་གནས་བཅས་ལ་དོན་སྙིང་ངེས་ཅན་ཞིག་ཐོན་ཡོད།

གཅིག་རྗེས་གཉིས་མཐུད་ཀྱི་འཛུགས་སྐྲུན་དང་གྲུབ་འབྲས།

ན་ནིང་ནི་ལྔ་འཆར་བཅུ་གསུམ་པ་འཆར་འགོད་ཀྱི་ལོ་གལ་ཆེན་ཞིག་ཡིན་ལ། མཁོ་སྤྲོད་ཐད་ཀྱི་སྒྲིག་གཞིའི་བསྒྱུར་བཅོས་ཇེ་ཟབ་ཏུ་གཏང་བའི་གནད་འགག་གི་ལོ་ཞིག་ཡིན་པར་མ་ཟད། རང་ཁུལ་གྱིས་མགྱོགས་མྱུར་ངང་སི་ཁྲོན་ཞིང་ཆེན་ནུབ་རྒྱུད་ཀྱི་འགྲིམ་འགྲུལ་བསྣོལ་མཚམས་དང་རྔ་བའི་ཤར་བགྲོད་ཀྱི་གནད་འགག་གི་ལོ་ཞིག་ཀྱང་ཡིན།

2017ལོའི་ལོ་མགོར་རང་ཁུལ་གྱིས་མགྱོགས་མྱུར་ངང་འགྲིམ་འགྲུལ་གྱི་ཚད་བཀག་གནད་དོན་བསལ་ཕྱིར། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་རྔ་བ་ཁུལ་འགྲིམ་འགྲུལ་ཚོགས་ཆེན་འཚོགས་ཤིང་། གཙོ་གནད་རྣམ་གྲངས་ཁ་ཤས་མཉམ་པོར་ལས་མགོ་བརྩམས་པ་དང་། རྣམ་གྲངས་འཛུགས་སྐྲུན་དམ་པོརའཛིན་པ་དང་། མ་གཏོང་དང་ཡོང་འབབ་འཕར་བའི་ཚ་རླབས་ཤིག་འཕྱུར་བར་སྐུལ་འདེད་བཏང་ཞིང་། འགྲིམ་འགྲུལ་བགྲོད་ལམ་གྱི་འཆར་འགོད་མངོན་དུ་འགྱུར་བར་འབད་དེ་འགྲིམ་འགྲུལ་ཕྱོགས་བསྡུས་ནུས་པ་མཐོ་རུ་བཏེགས།

ལོ་གཅིག་གི་རིང་ལ་རང་ཁུལ་གྱིས་འགྲིམ་འགྲུལ་གོང་འཕེལ་གཙིགས་སུ་བཟུང་ནས་འགྲིམ་འགྲུལ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏང་བའི་ལས་ལ་ཡང་དང་ཡང་དུ་རྟིང་སྐུལ་བྱས་ཏེ་མགྱོགས་ལམ་དང་ལྕགས་ལམ་གྱི་འཛུགས་སྐྲུན་ལ་སྐུལ་འདེད་དང་། མགྱོགས་མྱུར་ངང་རྒྱལ་ཁབ་དང་ཞིང་ཆེན་གྱི་ལམ་ཆེན་བསྐྲུན་པ་དང་གནམ་གྲུ་ཐང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། འགྲིམ་འགྲུལ་བགྲོད་ལམ་གྱི་མྱུར་ཚད་དང་དམིགས་འབེན་མངོན་དུ་གྱུར་ཡོད།

ད་ལྟའི་བར་དུ་འབར་ཝུན་མྱུར་བགྲོད་གཞུང་ལམ་དང་གཟི་མེན་མྱུར་བགྲོད་གཞུང་ལམ་གྱི་རྔ་བའི་ལམ་ཐིག་ཕྱོགས་ཡོངས་ནས་ལས་མགོ་འཛིན་པར་སྐུལ་འདེད་བཏང་ཞིང་། གསེར་མཚོའི་གངས་རིའི་ཕུག་ལམ་དང་། ས་སེར་གདོང་གི་ཕུག་ལམ། G317ལམ་མཚམས་སེང་གེ་ཐང་གློག་ཚིགས་ཀྱི་བརྗེ་སྤོར་ལམ་མཚམས་བསྐྲུན་ཚར་བ་དང་། G213དབྱིན་ཞུའུ་ནས་ཝུན་ཁྲོན་བར་གྱི་གཞུང་ལམ། མའོ་མེན་ལམ། ཐང་རི་ལམ། S452རྔ་བ་རྫོང་ནས་འཛམ་ཐང་བར་གྱི་གཞུང་ལམ་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་མགྱོགས་པོར་སྐུལ་འདེད་བཏང་། ལི་ཞའོ་ལམ་དང་མེ་ཐང་ལམ། S220ལམ་མཚམས་ཀྱི་འབར་ཁམས་རྫོང་འབུར་ཡུལ་ཚོ་ནས་རི་ཀྱོའི་བར་གྱི་གཞུང་ལམ། S217ལམ་མཚམས་ཀྱི་ཅོག་ཙེ་ནས་བཙན་ལྷའི་བར་གྱི་གཞུང་ལམ་བཅས་འཛུགས་སྐྲུན་གྱི་ལས་མགོ་བརྩམས་པས། 2018ལོར་ཕྱོགས་ཡོངས་ནས་ལས་མགོ་འཛིན་པར་གྲ་སྒྲིག་གྱ་ནོམ་པ་བྱས་འདུག

གཙོ་གནད་རྣམ་གྲངས་ཀྱི་ལས་གཞི་སོ་སོར་བསྐྲུན་པས་རང་ཁུལ་གྱི་མང་ཚོགས་ཀྱི་འགྲོ་འོང་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་མ་ཟད། ཁུལ་ཡོངས་ཀྱི་དཔལ་འབྱོར་གོང་ནས་གོང་དུ་འཕེལ་བར་རྨང་གཞི་བརྟན་པོ་བཞག་འདུག

ད་ལྟG213དངG317ལམ་མཚམས་སུ་སོང་ན་ཉི་འོད་རླངས་འཁོར་གྱི་སྒེའུ་ཁུང་ལས་འཕྲོ་འོང་ལ། སྒེའུ་ཁུང་ཕྱི་རོལ་གྱི་མཛེས་ལྗོངས་ལ་ས་གནས་སོ་སོའི་ཁྱད་ཆོས་མངོན་པར་དོད་ཅིང་། གནས་འདིའི་མཛེས་ཤིང་ཡིད་དུ་འོང་བའི་བཀོད་པས་ལྟད་མོ་བའི་ཡིད་སེམས་དབང་མེད་དུ་འཕྲོག་བཞིན་འདུག་ལ། འདི་ནི་རྔ་བའི་གཞུང་ལམ་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་བས་ཅི་ལ་མིན།

རྔ་བ་ཁུལ་གྱི་ཉེ་བའི་ལོ་ཤས་རིང་གི་འགྲིམ་འགྲུལ་གྱི་འཕོ་འགྱུར་གླེང་སྐབས། འབར་ཁམས་གྲོང་ཁྱེར་གྱི་གྲོང་བ་སྒྲོལ་མས་བཤད་རྒྱུར། སྔོན་ཆད་ཀྱི་མྱུར་བགྲོད་གཞུང་ལམ་དང་ལྕགས་ལམ་ད་ལྟ་མཐོང་བའི་ཡུལ་ན་མེད་ཅིང་། 2018ལོར་འབར་ཝུན་མྱུར་བགྲོད་གཞུང་ལམ་གྱི་ལམ་མཚམས་ཁ་ཤས་སུ་ཤར་གཏོང་བྱ་བ་དང་། ཁྲེང་ལན་ལྕགས་ལམ་སྐྲུན་བཞིན་པའི་སྒང་ཡིན་ལ། ཧུང་ཡོན་གནམ་ཐང་དུ་འཕུར་ལམ་མང་པོ་གསར་དུ་ཕྱེས་ཡོད་པས། རང་ཅག་གི་འགྲོ་འོང་སྔར་བས་སྟབས་བདེ་ཞིང་། འཚོ་བ་སྔར་བས་བདེ་ཞིང་སྐྱིད་པར་འགྲོ་བ་ཐག་གིས་ཆོད་ཅེས་བཤད།

ལོ་གཅིག་གི་རིང་ལ་རང་ཁུལ་གྱི་མྱུར་བགྲོད་གཞུང་ལམ་དུ་ཁྱོན་མ་དངུལ་སྒོར་དུང་ཕྱུར62བཏང་ཞིང་། གཞུང་ལམ་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར15.75བཏང་ཡོད་ལ། གཞུང་ལམ་ཞིག་གསོར་ཁྱོན་མ་དངུལ་སྒོར་དུང་ཕྱུར3.30068བཏང་ཡོད།

མ་དངུལ་འབོར་ཆེན་བཏང་ཚེ་འཛུགས་སྐྲུན་ཆེན་པོ་བསྐྲུན་ལ། འཛུགས་སྐྲུན་ཆེན་པོས་འཕོ་འགྱུར་ཆེན་པོ་གཏོང་ངེས། ལོ་གཅིག་རིང་གི་བཀའ་བ་ཁྱད་དུ་བསད་པས་རྔ་བའི་ས་ཆེན་དུ་གཞུང་ལམ་གྱི་དྲ་བ་འཐེན་པའི་ངོ་མཚར་ལྟད་མོ་ཡང་ནས་ཡང་དུ་འཁྲབ་ཅིང་། མང་ཚོགས་ཀྱི་འཚོ་བ་དང་འགྲོ་འོང་སྔར་བས་སྟབས་བདེ་བར་བཏང་ཡོད། རིམ་པ་སོ་སོའི་ཏང་སྲིད་ཀྱིས་འགོ་ཁྲིད་དེ་ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཕྱོགས་ཡོངས་ནས་འབྱོར་འབྲིང་དུ་བསྐྱོད་པའི་ལམ་ཆེན་དུ་ཞུགས་ཡོད།།

(ཆོས་རྒྱས་ཀྱིས་བསྒྱུར།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-01-23 2017ལོའི་རང་ཁུལ་གྱི་འགྲིམ་འགྲུལ་འཛུགས་སྐྲུན་ལས་དོན་སྐོར་གྱི་རགས་བཀོད། 4 4 阿坝日报藏文 c51184.html 1 འབྱོར་ འབྲིང་ གི་ མྱུར་ བགྲོད་ གཞུང་ ལམ་ བསྐྲུན་ པར་ འབད། /enpproperty-->