数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第03版:

མེས་ པོ་ དང་ དྲིན་ གཟོ་ དུས་ ཆེན་།

བོད་ཀྱི་གནའ་ཡིག《ཨ་མྱེ་སྒོ་ལྡོང་མཐུ་ཆེན་གྱི་གདུང་རབས》ལག་བྲིས་མ་ལས་བསྟན་པ་ལྟར་ན། སྒོ་ཚང་གི་ཐུགས་འཕྲེང་འཕྲེང་སྒོ་དང་ལྡོང་ཚང་གི་གཡང་སྐྱོང་གཉིས་ལ་བུ་དགུ་དང་བུ་མོ་གསུམ་བཙས་ཤིང་། དེ་ལས་བུ་ཆེ་བའི་མིང་ལ་ཕོད་དཀར་དར་ཡག་ཅེས་ཟེར། དེ་ནས་རིམ་བཞིན་མི་དེ་དང་གཤེན་འོད་སེང་ངེ་། ཐུགས་འཇད། སྒོ་ལྡོང་མཐུ་ཆེན། མིང་གཞན་ལ་ཨ་མྱེ་སྒོ་ལྡོང་ཟེར། ཁ་ལོ། ཕ་ག ཐུབ་པ། རྒྱལ་གུ་བཅས་བུ་དགུ་དང་། ཕ་བོང་དང་བོན་མོ། རྡོ་ཟོན་བཅས་བུ་མོ་གསུམ་བཅས་ཡིན།

བཤད་རྒྱུན་ལྟར་ན། ཉ་ཀ་ཞང་ཞེས་པའི་ས་ཆར་ཨ་མྱེ་སྒོ་ལྡོང་བཙས་ཤིང་། བཙས་ཉིན་ལ་མཁའ་ལས་འབྲུག་སྒྲ་ལྡིར་ལྡིར་དུ་གྲགས་ཤིང་མེ་ཏོག་གི་ཆར་བ་བབས་པ། འཇའ་ཚོན་སྣ་ལྔ་ཤར་བ་སོགས་བཀྲ་ཤིས་པའི་རྟགས་མང་དུ་ཤར་བར་མ་ཟད། མ་གཡང་སྐྱོང་གིས་ཀྱང་བྱིས་པ་ཞིག་གིས་ཉི་ཟླ་ཆིབས་ནས་འཛམ་གླིང་ལ་སྐོར་བ་ལན་གསུམ་བརྒྱབ་པ་རྨིས།

ཨ་མྱེ་སྒོ་ལྡོང་བཙས་མ་ཐག བྱིས་པ་གཞན་དང་མི་འདྲ་བར་དབུ་སྐྲ་གསེར་ལྟར་སེར་ལ། ཤ་པགས་དམར་ལ་མཉེན་པ། གཟུགས་གཞི་ཆེ་ལ་སྟོབས་རྒྱས་པ། སྙིང་སྟོབས་དང་སྟོབས་ཤུགས་འགྲན་ཟླ་བྲལ་བ། ཟས་ཀྱང་ཧ་ལས་པ་ཟ་ཐུབ་པ། ཅུང་ནར་སོན་པ་ན། ཡུམ་གྱིས་ཁོ་རང་གསོས་ཐབས་བྲལ་བ་ཤེས་ནས་དྲིན་ཆེན་ཨ་མ་ལགས། ང་ནི་རི་དང་ནགས་ཁྲོད་དུ་སོང་ནས་རི་དྭགས་དང་མཉམ་དུ་འཚོ་འདོད། གལ་ཏེ་འཚོ་བའི་དཀའ་ངལ་ལ་འཕྲད་ན་བརྡ་ཐོངས་དང་། རོགས་བྱེད་ཁོ་ཐག་ཡིན་ཞེས་བཤད་ནས་ནགས་ཁྲོད་དུ་བུད་སོང་། དེ་ནས་རི་ཀློང་དང་ནགས་ཚལ་འགྲིམ་ནས་འཚོ་བ་རོལ་བཞིན་གདའ།

ཉིན་ཞིག ཨ་མས་རྩམ་པ་དང་ལོ་སྐྱུར་སོགས་ཟས་སླེ་གང་འཁུར་ནས་བུ་ལ་བལྟ་རུ་སོང་། ཨ་མྱེ་སྒོ་ལྡོང་གིས་སྤྱིལ་ཁང་ཞིག་གི་མེ་ཐབ་འགྲམ་ནས་རི་སྐྱེས་སྲོག་ཆགས་ཀྱི་ཤ་བསྲེགས་ནས་ཟ་བཞིན་འདུག སྤྱིལ་ཁང་གི་གཡས་གཡོན་ཀུན་ཏུ་སྲོག་ཆགས་སྣ་ཚོགས་ཀྱི་ཤ་དཔྱངས་འདུག བུས་ཨ་མའི་རྒྱབ་ལ་འཁུར་བའི་སླེ་ནང་གི་ཟས་ལ་ཐེངས་ཤིག་བལྟས་རྗེས། ཨ་མ། ཁྱེད་ཀྱིས་ང་ལ་སོ་གསེང་བའི་ཐུར་མ་ཞིག་སྟེར་རོགས་ཞེས་བཤད། ཨ་མས་སྦོམ་ཕྲ་སྤོས་ལྟ་བུའི་ཐུར་མ་ཞིག་བཙལ་ནས་བསྲིངས། སྒོ་ལྡོང་གིས་ཨ་མ། དེ་ལས་ཅུང་ཆེ་བ་ཞིག་འཚོལ་རོགས་ཞེས་བཤད། ཨ་མས་ཟ་ཐུར་གྱི་སྦོམ་ཕྲ་ལྟ་བུའི་ཤིང་གི་ཡལ་ག་ཞིག་བླངས་ནས་བུ་ལ་བསྲིངས་ཀྱང་། བུ་སྤྱིལ་ཁང་གི་ཕྱི་རུ་སོང་ནས་ལྗོན་ཤིང་ཞིག་བཅད་དེ་སོ་གསེང་རྗེས། ཨ་མར་ཤ་གནག་ཁུག་མ་གང་སྟེར་ཞོར། ཨ་མ། སླེ་ནང་གི་ཟས་དང་ཤ་ཁུག་མ་གང་བོ་ཕྱིར་ཁྱིམ་དུ་ཁྱེར། ཁྱེད་དང་ཨ་ཕས་ཟོས་ཚར་ན་ལེན་དུ་ཤོག་ཅེས་བཤད།

དེ་ནས་ལོ་གསུམ་འགོར་རྗེས། རྒྱལ་རོང་ས་ཆར་སྲིན་པོ་མི་རྐུན་ཞེས་པ་སོགས་བདུད་དང་བདུད་མོ་མང་དུ་བྱུང་ནས། མི་རྣམས་ལ་གཤིན་རྗེ་ཆོས་རྒྱལ་གྱི་ཉེས་ཆད་ཕོགས་པ་ལྟར་མནར་གཅོད་མྱོང་བཞིན་གདའ། ཀུན་གྱིས་ཨ་མྱེ་སྒོ་ལྡོང་གི་ཨ་མར་བུ་ལ་སྡུག་བསྔལ་གྱི་རྒྱ་མཚོ་རེ་འདྲེན་པའི་རེ་བ་ཞུས་ན་འགྲིག་ཅེས་ཡང་ཡང་བཤད། ཉིན་ཞིག ཨ་མ་རི་ཁྲོད་ལ་བུ་འཚོལ་དུ་སོང་། སྐད་མཐོན་པོས་བུ་ཡི་མིང་ལན་འགར་བོས་པ་ན། ནགས་གསེབ་ནས་གཟུགས་སྟོབས་འགྲན་ཟླ་བྲལ་བའི་གྱད་མི་ཞིག་ཐོན་བྱུང་། གོམ་པ་སྤོས་ན་རླུང་སྒྲ་ཡང་ཤུར་ཤུར་དུ་གྲགས་ཡོང་། དྲིན་ཆེན་མ་ལོ། བྱ་བ་ཅི་ཞིག་ཡོད་ཅེས་དྲིས་ཙ་ན། བུ། བདུད་ཀྱི་མནར་གཅོད་འོག་ཡུལ་མི་རྣམས་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་ཡོད། ཁྱེད་ཀྱིས་ཡུལ་མི་རྣམས་སྐྱོབ་རོགས་ཞུ་ཞེས་ལན་བཏབ། ཨ་མ་ལགས། ངས་ཧ་གོ་སོང་། ངས་སྐྱོབ་ཁོ་ཐག་ཡིན། ཡུལ་མི་རྣམས་ལ་འབྲས་བ་མ་བཅུ་གསུམ་དང་སྲེག་གོར་བཅུ། ཕག་ཤ་བུབས་བཅུ་གསུམ་སོགས་གྲ་སྒྲིག་བྱེད་དུ་ཆུགས་དང་། ང་དུས་ཐོག་ཏུ་ཐོན་ཡོང་ཞེས་བཤད།

མ་བུ་གཉིས་ཀྱིས་དུས་ཆད་བཏབ་པ་སོགས་དོན་དག་རེ་རེ་བཞིན་བགྲོས་རྗེས་ཨ་མ་རང་ཡུལ་ལ་གྲ་སྒྲིག་བྱེད་དུ་བུད་སོང་། ཨ་མྱེ་སྒོ་ལྡོང་དུས་ཆད་ལྟར་རང་ཡུལ་དུ་ཐོན་ནས། ཧུབ་གཅིག་གིས་འབྲས་བ་མ་བཅུ་གསུམ་འཐུང་ཞིང་། སྲེག་གོར་བཅུ་ཟོས་རྗེས། ཕག་ཤ་དང་ཕག་ཚིལ་ལུས་སུ་བཏགས་ཤིང་། མདའ་གྲི་མདུང་གསུམ་བཟུང་ནས་རྒྱལ་རོང་ས་ཆ་ཀུན་ལ་ཉུལ་ནས་སྲིན་པོ་མི་རྐུན་སོགས་བདུད་ཚོགས་དང་གཅན་གཟན་རི་དྭགས་ཆམ་ལ་ཕབ། དུས་དེ་ནས་བཟུང་རྒྱལ་རོང་ས་ཆར་བདེ་སྐྱིད་ཀྱི་ཉི་མ་ཤར་བ་རེད། དེར་བརྟེན། རྒྱལ་རོང་ས་ཆར་སྲོལ་རྒྱུན་གྱི་དུས་སྟོན་ཏེ་དེ་གཟོ་ཞེས་པ་བྱུང་། དེ་ནི་རྒྱལ་རོང་སྐད་དུ་དྲིན་ལན་གཟོ་བ་ཞེས་པའི་དོན་ཡིན། ཨ་མྱེ་སྒོ་ལྡོང་མཐུ་ཆེན་གྱི་དྲིན་ལན་གཟོ་བའི་ཆེད་དུ་རོལ་བའི་དུས་སྟོན་ཞིག་ཡིན།

དུས་སྟོན་དེ་ནི་ལོ་རེའི་བོད་རྩིས་ཀྱི་སྟག་ཟླ་ཡི་ཚེས་བཅུ་གཅིག་ཉིན་ནས་ཚེས་བཅོ་ལྔའི་ཉིན་བར་དུ་རོལ་བ་ཡིན། ལོ་རེའི་དུས་སྟོན་སྐབས་སུ་ལོ་སར་ལྟར་ཧ་ཅང་གཟབ་རྒྱས་ཤིག་ཡིན་ལ། ཁྱིམ་ཚང་རེ་རེས་གཞིས་ཁང་གི་ཕྱི་ནང་ལ་ཕྱགས་བརྡར་གཙང་མ་བྱེད་པ་དང་། ཁང་ཕྱིའི་གྱང་ངོས་སུ་སྐྱ་ཐིག་དང་མེ་ཐབ་ཉེ་འགྲམ་གྱི་གྱང་ངོས་སུ་ཨ་མྱེ་སྒོ་ལྡོང་གི་སྐུ་འདྲ་དང་བཀྲ་ཤིས་རྟགས་བརྒྱད། ལོ་རིལ་བཅུ་གཉིས། ཉི་ཟླ་སྐར་གསུམ་སོགས་འབྲི་བར་མ་ཟད། ཨ་མྱེ་སྒོ་ལྡོང་ལ་ཆེད་དུ་སྲེག་གོར་ཆེ་བ་གཅིག་དང་ཆུང་བ་གཉིས་བསྲེག་སྲིད། རྒྱལ་རོང་བས་བསང་ཕུད་ཅིང་དུང་དཀར་གྱི་སྒྲ་ལན་གསུམ་བུས་རྗེས་ད་གཟོད་དུས་སྟོན་རོལ་བ་དང་། བསང་མཆོད་སྐབས་སུ་ཀི་བཏབ་ནས་ཨ་མྱེ་སྒོ་ལྡོང་གི་མིང་གིས་འབོད་པ་དང་དམུ་རྡོ་སོགས་གཞི་བདག་ལའང་འབོད་པ་རེད།

རྒྱལ་རོང་ས་ཆ་གང་ཡིན་རུང་། ཨ་མྱེ་སྒོ་ལྡོང་གི་བཀའ་དྲིན་བརྗེད་དུ་མེད་པས་ཚེ་ཚེ་རབས་རབས་སུ་ཨ་མྱེ་སྒོ་ལྡོང་གི་གཏམ་རྒྱུད་རྒྱུན་མི་ཆད་པར་ད་བར་དུ་འཆད་བཞིན་ཡོད་ལ། སྐྱེས་ཕོ་མོ་དང་རྒན་དར་གཞོན་གསུམ་སུ་ཡིན་རུང་ཨ་མྱེ་སྒོ་ལྡོང་གི་བཀའ་དྲིན་དང་བྱམས་སྙིང་རྗེ་རྡོ་ལ་རི་མོ་བརྐོས་པ་བཞིན་ཡིད་ནས་བརྗེད་མི་ཐུབ་པས། ཕྱིན་ཆད་ཀྱང་ཨ་མྱེ་སྒོ་ལྡོང་གི་གཏམ་རྒྱུད་མི་རབས་ནས་མི་རབས་བར་དུ་འཆད་སྲིད་དོ།།

(རྡོ་རྗེ་དཔལ་གྱིས་བསྒྱུར་སྒྲིག་བྱས།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-01-23 4 4 阿坝日报藏文 c51190.html 1 མེས་ པོ་ དང་ དྲིན་ གཟོ་ དུས་ ཆེན་། /enpproperty-->