数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第03版:

ཤར་གཉན་དུང་རི་དཀར་པོའི་གནས་ཡིག་དྭངས་གསལ་མཛེས་པའི་མེ་ལོང་།

གནས་ཆེན་དུང་རིར་གནས་སྐོར་དུ་སོང་བའི་མཐོང་ཐོས་མྱོང་ཚོར་བཀོད་པ།

མཚོ་ཏ་ལེན།

དེ་ནས་རིམ་པར་རི་རྩར་བྱོན་ཏེ་ཅུང་ཟད་ཕྱིན་པ་ན་དམ་པ་གོང་མ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་མཚོ་ཏ་ལེན་ཞེས་ཡོངས་སུ་གྲགས་པའི་སྲིད་པའི་རྒྱལ་མོའི་བླ་མཚོ་ཞེས་བྱ་བ་དེར་སླེབས་ཤིང་། མཚེའུ་འདིར་མཚོ་མདོག་སྔོ་ཞིང་དྭངས་ལ། མཚོ་མཐའི་ངོས་སུ་དྲི་ཞིམ་སྨན་སྣ་དང་མེ་ཏོག་སྣ་ཚོགས་ཀྱི་ཞལ་ཁ་ཕྱེ་བ། ཁོར་ཡུག་སྤང་འབུར་སྟེང་ལ་ཕྱུགས་རིགས་དཀར་ནག་གི་ཁྱུ་ཚོགས་དང། སྤུ་སྡུག་རི་དྭགས། སྐད་སྙན་བྱ་རིགས་སོགས་སོ་སོའི་འཐད་ཕྱོགས་དང་འབྲེལ་ནས་རྩེད་འཇོའི་དཔལ་ལ་འཁུ་ཞིང་དགའ་བདེའི་ངང་ལ་རོལ་བའི་གནས་ཡུལ་ཁྱད་པར་ཅན་ཞིག་ཡིན།

དེའང་ཁོ་བོའི་ཡིད་ལ་དད་ལྡན་རྣམས་ཀྱིས་མཚེའུ་དེར་མཚོ་ཏ་ལེན་ཞེས་འབོད་པ་ནི་ཆེས་ཡ་མཚར་བ་ཞིག་འདོད་དེ། སྤྱིར་ཏ་ལེན་ཞེས་པའི་མིང་དེ་ནི་རྒྱའི་སྐད་(褡裢)ཀྱི་སྒྲ་གདངས་ལས་བྱུང་བ་ཡིན་པས། གཟུགས་ཅན་དེ་གང་ཡིན་ཡང་ཟུང་དུ་བགྲང་བ་ལ་ཡ་གཉིས་དགོས་པས་གྲངས་གཉིས་མཚོན་དགོས་ལ། མིག་སྔར་གྱི་མཚོ་ཏ་ལེན་ཞེས་པ་དེར་མཚེའུ་གཉིས་ཏེ་ཏ་ལེན་ཚུལ་ཅན་གྱི་ཁྱད་ཆོས་ཤིག་ལྡན་ནའང་། དོན་དངོས་སུ་མཚོ་འདིར་མཚོ་ཆེན་གཅིག་ཡིན་དགོས་པ་ལས་མཚོ་ཆུང་གཉིས་མ་ཡིན་ཏེ། དེ་ནི་དུས་ཐག་ཅུང་རིང་བའི་སྐབས་ཤིག་ན་ཡུལ་འདིར་ས་ཡོམ་བྱུང་བའམ་མདུན་ཕྱོགས་ཀྱི་རི་ངོས་ནས་ཆུ་ལོག་གིས་ས་རྡོ་སོགས་ཁུར་ཅིང་དེད་ནས་འདམ་ལྟར་བཞུར་བས་མཚོ་ཆེན་ཏེ་མཚོ་ཆུང་གཉིས་སུ་གྱུར་བའི་རྣམ་པ་ཞིག་ཡིན་པ་ལྷང་ངེར་ཤེས་ངེས་ལགས་པས། མཚོ་ཏ་ལེན་ཞེས་པའི་མིང་དེའང་ཅུང་ཕྱིས་རྗེས་སུ་བཏགས་པར་འདོད།

སྲིད་པའི་རྒྱལ་མོའི་ཁྲུས་ཆུ་དང་ཡ་མཚན་ཅན་གྱི་ལ་བཙས།

དེ་ནས་ང་ཚོ་རིམ་པར་གཡོན་ཕྱོགས་སུ་སྲིད་རྒྱལ་ལ་རི་ཞེས་འབོད་པའི་སྐོར་ལམ་བརྒྱུད་དེ་ཕྱིན་པ་ན་རི་སྐེད་ཀྱི་ལམ་གོང་ན་བྲག་མཐོན་པོ་ནམ་མཁའི་དབྱིངས་ལ་ཐུག་པ་ཞིག་གི་རྩེ་ནས་རྒྱུན་དུ་ལྷ་ཆབ་འཇའ་ཚོན་རང་ཤར་བཞིན་ཡོད་པ་དེར་སླེབས། གནས་སྐོར་བ་རྣམས་ཀྱིས་གནས་འདིར་ནི་སྲིད་པའི་རྒྱལ་མོས་ཁྲུས་རྒྱག་ས་ཡིན་ཞེས་བཤད། དེར་སླེབས་པ་དང་ཀུན་གྱིས་ཀུ་ཅོ་བཤུགས་པ་ལྟར་སྐད་ཆེའི་ངང་ནས་སྲིད་པའི་རྒྱལ་མོ་ཁྲུས་གསོལ་མཛོད་ཅིག་ཅེས་ཀི་ལྡིར་བཏབ་ཚེ། གློ་བུར་ཆུ་རླབས་རྒྱང་གིས་འཕེན་འོང་བས་མངོན་སུམ་དུ་ངོ་མཚར་བའི་གནས་ཡུལ་ཡིན་པ་ནི་ཐུན་མོང་གི་སྣང་ངོར་གྲུབ། དེ་ནས་དད་ལྡན་ཀུན་གྱིས་དད་མོའི་ངང་ནས་ཁྲུས་ཆུར་སྨོན་ཚིག་དང་གསོལ་འདེབས་མཆོད་བསྟོད་སོགས་གང་ལ་གང་མཁོ་རེ་བྱེད་བཞིན་ཡོད་པར་མ་ཟད། ཁྲུས་ཆུ་འདི་ནི་རྟེན་འབྲེལ་བཟང་བའི་ལྷ་ཆུ། ཚེ་མཆོག་བསྐྱེད་པའི་ཚེ་ཆུ། སྡིག་སྒྲིབ་དག་པའི་ཁྲུས་ཆུ་བཅས་འདོད་པས། དེར་ཁྲུས་བྱས་ན་ལུས་ཀྱི་ནད་གདོན་ཞི་ཞིང་སྡིག་སྒྲིབ་དག་པའི་རྟེན་འབྲེལ་ཡོད་པའང་སྙམ། དེ་ནས་ཡང་མུ་མཐུད་དུ་གྱེན་དུ་འཛེགས་དགོས་ལ། བསྐོར་ལམ་གཡས་གཡོན་གྱི་བྲག་ངོས་སུ་གཡུང་དྲུང་རང་བྱོན་དང་། དུང་དཀར་རང་བྱོན་སོགས་ཤིན་ཏུ་གསལ་བར་མཚོན་པར་མ་ཟད། བར་དོའི་འཕྲང་ཆེན། སྲིད་རྒྱལ་སྒྲུབ་ཕུག་སོགས་བཞུགས་ཡོད་དེ། དད་ལྡན་ཀུན་གྱིས་སྒོ་གསུམ་མི་དགེ་བ་དང་མ་འདྲེས་པར་དད་གུས་མོས་པ་རྩེ་གཅིག་པའི་ངང་ནས་བསང་དང་ཚོགས་གཏོར་མཆོད་འབུལ་སོགས་དགེ་བའི་འབྲེལ་འཇོག་ཅི་ནུས་ལ་འབད་དོ།།

དེ་ནས་རིམ་པར་ཡར་འཛེགས་ནས་སོང་བས་སྲིད་རྒྱལ་ལའི་རི་རྩེར་སླེབས་པ་ན། མིག་སྔར་ཆེས་ཡ་མཚན་ཅན་གྱི་ལ་བཙས་ཤིག་འདུག་སྟེ། ལར་གངས་ཅན་བོད་ཀྱི་ཡུལ་ལ་རི་རྩེ་ན་ལ་བཙས་བརྩིག་པ་ནི་བོད་མི་རིགས་ཀྱི་ཁྱད་ཆོས་གྲུབ་རྒྱུར་གལ་ཆེའི་ནུས་པ་འདོན་སྤེལ་ཞིག་ཡིན་ནའང་། སྐབས་འདིའི་ལ་བཙས་ཞེས་བྱ་བ་ནི་ཆེས་ཡ་མཚན་པ་ཞིག་ནི། དད་ལྡན་རྣམས་ཀྱིས་རང་ཉིད་ཀྱི་ལག་ཏུ་བཟུང་པའི་རྟེན་འཁར(ལག་རྟེན)དེ། ཕོ་རྒོད་ཀྱིས་མདའ་རྒོད་ལ་བཙས་ཐོག་འཛུགས་པ་ལྟར་བཙུགས་པའི་ངོ་མཚན་ཅན་གྱི་ལ་བཙས་ཤིག་ཡིན། དེའང་གནའ་མི་རྣམས་ཀྱི་བཤད་སྲོལ་ལྟར་ན། ལ་བཙས་དེ་ནི་གངས་སྐོར་བ་རྣམས་ཉིན་གསུམ་གྱི་གངས་སྐོར་དེར་མདུད་ཕོག་ནས་རྟེན་འབྲེལ་ཡོད་པའི་ཚུལ་དུ་རང་ཉིད་གངས་སྐོར་འགྲོ་བ་ལ་ཕན་པ་ཤིན་ཏུ་ཐོགས་པའི་དྲིན་ཆེན་གྱི་རྟེན་འཁར་དེ་དྲན་གསོ་བསྐུལ་བའི་ཆེད་དུ་ལ་བཙས་ལྟར་བརྩིགས་པའི་དམིགས་བསལ་ཅན་གྱི་ལ་བཙས་ཤིག་ཡིན། ཁོ་བོ་དེར་ཐོན་ནས་བལྟས་པས། གཟུགས་ཆེ་ཆུང་དང་། རིང་ཐུང་སྦོམ་ཕྲ་སོགས་མི་འདྲ་བའི་ལག་རྟེན་མང་པོ་ཁྲིགས་ལེགས་པར་སྐྱོང་ནས་ས་སྤུངས་ཐོག་བཙུགས་ཡོད་པ་མཐོང་བས་བདག་ཡི་རང་བར་གྱུར་ཏེ། རང་གིས་ཀྱང་དྲིན་ཆེན་ཨ་མའི་ལག་ནས་གཡར་བའི་ལག་རྟེན་དེར་མདུན་གྱི་ལ་བཙས་ཐོག་བཙུགས་ཤིང་བཤམས། དེ་ནི་ཕ་རྗེས་བུ་འཇུག་གི་བྱ་བ་ཁོ་ན་ཡིན་པར་མ་ཟད། རང་ཉིད་དགའ་མགུའི་ཆེད་དུའང་ཡིན་ཏེ། ཕྱོགས་མཚུངས་དད་ལྡན་རེ་གཉིས་ཀྱིས་གཡས་གཡོན་དུ་མི་གཞན་ཡོད་མེད་ལ་སྣང་འཇོག་མི་བྱེད་པར་སྐད་ཤུགས་ཆེན་པོས་ལྷ་རྒྱལ་འཐེན་ནས་རང་རང་སོ་སོའི་རེ་བའི་སྨོན་ལམ་དང་། རང་ཉིད་ཡུལ་ལྷར་བཅོལ་བར་མཚོན་པར་བྱེད་པའི་སྙན་གསན་འབེབས་བཞིན་ཡོད་དོ།།

ཆུ་མདོ་པད་མ་བཀྲ་ཤིས། (7)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-07-13 གནས་ཆེན་དུང་རིར་གནས་སྐོར་དུ་སོང་བའི་མཐོང་ཐོས་མྱོང་ཚོར་བཀོད་པ། 4 4 阿坝日报藏文 c61303.html 1 ཤར་གཉན་དུང་རི་དཀར་པོའི་གནས་ཡིག་དྭངས་གསལ་མཛེས་པའི་མེ་ལོང་། /enpproperty-->