数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

འདབ་བརྒྱ་ལྷུག་པོར་གྲོལ་བའི་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ཆུན་པོ།

མཛོད་དགེ་རྫོང་གིས་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་ལ་སྐུལ་བའི་ལས་ཀའི་ཟིན་ཐོ།

མཛོད་དགེ་རྫོང་གི་ཡུལ་ཚོ་དང་གྲོང་རྡལ་སོ་སོའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་དང་རོང་འབྲོག་མང་ཚོགས་ཀྱི་ཐོན་ལས་སོ་སོ་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་། མང་ཚོགས་ཀྱི་མ་མཐའི་འཚོ་བའི་ཆུ་ཚད་ནས་མི་རིགས་ཀྱི་རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་དུ་འགྲོ་བཞིན་པ་སོགས་ཆེ་ཆུང་བྱ་བ་གང་ལ་བལྟས་ཀྱང་གཟི་མདངས་ཀྱི་དཔལ་རྒྱས་བཞིན་ཡོད།

མི་རིགས་མཐུན་སྒྲིལ་ནི་འཕེལ་རྒྱས་གོང་འཕེལ་གྱི་རྨང་རྡོ་དང་མང་ཚོགས་ཀྱི་འཚོ་བ་བདེ་སྐྱིད་ཡོང་བའི་སྔོན་འགྲོ་ཡིན། མཛོད་དགེ་རྫོང་གིས་དུས་དང་རྣམ་པ་ཀུན་ཏུ་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་ཡོང་བ་དེ་ལས་འགན་ཡོད་ཚད་ལས་གཙོ་བོ་དང་སྔོན་འགྲོའི་ཆ་རྐྱེན་དུ་བཟུང་ཡོད། ཐབས་མང་མཉམ་སྤྱོད་དང་དོན་འཁྱོལ་ནན་འཛིན་བྱས་པས། མཛོད་དགེ་རྫོང་གི་མི་རིགས་མཐུན་སྒྲིལ་གྱི་བྱ་བ་ཡོད་ཚད་ལ་སྣང་ཚུལ་གསར་བ་དང་རྣམ་པ་གསར་བའི་གཟི་མདངས་འཕྲོག་ཅིང་། གནས་བབ་གསར་བ་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་ཇེ་ལེགས་སུ་འགྲོ་བཞིན་ཡོད། མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་རེ་རེ་དང་དཔེ་མཚོན་རེ་རེ་ནི་རྫོང་དེའི་མི་རིགས་སོ་སོའི་མང་ཚོགས་རྣམས་ཀྱིས་ཕན་ཚུན་ལ་བཅངས་པའི་མཛའ་བརྩེ་མཚོན་ཅིང་། རྫོང་དེའི་མི་རིགས་མཐུན་སྒྲིལ་གྱི་བྱ་གཞག་ཡོད་ཚད་ཡར་ངོའི་ཟླ་ལྟར་འཕེལ་བཞིན་པ་མཚོན་ཡོད།

ཆོས་རྗེ་ཡུལ་ཚོའི་སྒར་བ་གྲོང་ཚོའི་སྡེ་མི་ཀྲེང་ཧྥ་མིང་གིས་ད་ལོར་རང་གིས་གཉེར་སྐྱོང་བྱེད་བཞིན་པའི་སྤྲོ་གསེང་གླིང་གི་ཡོང་སྒོ་ཧ་ཅང་བཟང་བོ་རེད། ཟླ8པའི་བར་དུ་སྒོར་ཁྲི5ལྷག་གི་ཡོང་སྒོ་ཡོད་པས། ད་ལོར་ཕལ་ཆེར་ལྗོངས་སྐོར་ཡོང་སྒོ་བཟང་རྒྱུ་རེད་སྙམ་བཞིན་ཡོད་ཟེར། ཀྲེང་ཧྥ་མིང་སྔོན་ཆད་མཛོད་དགེར་ཡོང་ནས་ལས་གླ་བྱེད་སྐབས་བོད་ཀྱི་བུད་མེད་འབྲུག་སྐྱིད་དང་ཁ་ཐུག་ནས། རྗེས་སུ་ཡང་ཁོ་མོ་དང་གཉེན་སྒྲིག་བྱས་ཏེ། སྤྲོ་གསེང་གླིང་འདི་གཉེར་བ་ཡིན་ལ། ཁོ་བཟའ་ཟླ་གཉིས་ཀྱི་ལྟོ་གོས་གཉིས་འཛོམས་ཀྱི་འཚོ་བ་བདེ་སྐྱིད་ཀྱི་ཁེངས་ཤིང་། ལྷག་པར་དུ་རང་གི་སྒོ་ཁ་ནས་སྒོར་མོ་བཙལ་ཐུབ་པས་ཧ་ཅང་སྟབས་བདེ་བ་རེད་ཟེར།

མཛོད་དགེ་རྫོང་དུ་བོད་རིགས་དང་རྒྱ་རིགས། ཧའེ་རིགས། ཆའང་རིགས་སོགས་ན་གཞོན་ཕོ་མོས་གྲུབ་པའི་ཁྱིམ་ཚང་མང་པོ་ཡོད་དེ། ཁྱིམ་ཚང་འདི་དག་གིས་ཀྱང་ཀྲེང་ཧྥ་མིང་ཚང་ལྟར་བདེ་སྐྱིད་ཀྱི་འཚོ་བར་རོལ་བཞིན་ཡོད། མི་རིགས་སོ་སོའི་མང་ཚོགས་ཀྱི་ཕན་ཚུན་བར་འགྲོ་འོང་དང་བསམ་བློ་བརྗེ་རེས་བྱས་ནས་མཉམ་འདྲེས་སུ་སོང་སྟེ། ཕན་ཚུན་གཅིག་ལ་གཅིག་བརྟེན་དུ་ཆགས་ཡོད། དཔལ་འབྱོར་འཕེལ་རྒྱས་ཀྱིས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བཞིན་ཡོད་ཅིང་། མི་རིགས་མཐུན་སྒྲིལ་ཡོང་བས་དཔལ་འབྱོར་འཕེལ་རྒྱས་ལ་ལྷག་པར་དུ་སྐུལ་འདེད་ཀྱི་ནུས་པ་ཐོན་བཞིན་ཡོད།

སྒར་བ་གྲོང་ཚོ་ནི་མཛོད་དགེ་རྫོང་གི་མི་རིགས་མཐུན་སྒྲིལ་འཕེལ་རྒྱས་ཀྱི་དཔེ་མཚོན་ཙམ་ཞིག་ཡིན་ལ། ཉེ་བའི་ཤས་རིང་ལ་རྫོང་དེའི་ལྗང་མདོག་གི་ཞིང་འབྲོག་དང་སྐྱེ་ཁམས་ཡུལ་ལྗོངས། ཐུན་མིན་དམངས་སྲོལ་སོགས་ཀྱི་ཐད་ལ། གནའ་བཟང་དེང་སྤྱོད་དང་སྙིགས་དོར་བཅུད་ལེན། ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས། སི་ཁྲོན་ཞིང་ཆེན་རྒྱལ་དབང་གཏོང་དངུལ་ཀུང་སི་དང་གཟི་རྩ་སྡེ་དགུ་རྫོང་གི་ལྗང་གཏོད་ལྗོངས་སྐོར་ཞབས་ཞུའི་ཀུང་སི་སོགས་སྔོན་ཐོན་ཁེ་ལས་ཀྱི་ལེགས་ཆ་ནང་འདྲེན་བྱས་ནས། རང་རེའི་ས་གནས་ཀྱི་སྣེ་འདྲེན་ཁེ་ལས་རྣམས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱས། རིག་གནས་མཉམ་འདྲེས་ཀྱི་འཕེལ་རྒྱས་གོམ་ཁ་ཇེ་མགྱོགས་སུ་གཏོང་བ་དང་། མཛོད་དགེ་རྫོང་གི་ལྗོངས་སྐོར་འཕེལ་རྒྱས་སྔར་ལས་ཇེ་མགྱོགས་སུ་གཏོང་ཆེད། ཆོས་རྗེ་ཡུལ་ཚོའི་དུག་འཇོམས་དུས་ཆེན་དང་ཨ་མདོའི་རྟ་རྒྱུགས་འགྲན་སྡུར་སོགས་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་དུས་སྟོན་བྱེད་སྒོ་སྤེལ་བཞིན་ཡོད།

མཐུན་སྒྲིལ་ནི་མི་རིགས་ས་ཁུལ་འགོམ་བརྒལ་ལྟར་འཕེལ་རྒྱས་སུ་འགྲོ་བ་དང་ཡུན་རིང་བདེ་འགོད་ལ་སྐུལ་འདེད་གཏོང་བའི་རྨང་རྡོ་ཡིན། མཛོད་དགེ་རྫོང་གི་རྒྱ་ཆེའི་རོང་འབྲོག་པ་དང་མི་རིགས་སོ་སོའི་མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་དང་ཆོད་སེམས་བརྟན་པོས་མཐུན་སྒྲིལ་གྱི་ལག་རྡང་འབྲེལ་ནས་འཕེལ་རྒྱས་ཀྱི་གོམ་སྟབས་མདུན་དུ་སྤོས་ཏེ། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན་ཡོང་བར་སྐུལ་འདེད་དང་། མཐུན་སྒྲིལ་ཡར་ཐོན་དང་དར་རྒྱས་གོང་འཕེལ་ཡོང་བར་འབད་བརྩོན་བྱེད་བཞིན་ཡོད།།

(མགོན་པོ་ཚེ་བརྟན་གྱིས་བསྒྱུར།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-08-14 མཛོད་དགེ་རྫོང་གིས་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་ལ་སྐུལ་བའི་ལས་ཀའི་ཟིན་ཐོ། 4 4 阿坝日报藏文 c63245.html 1 འདབ་བརྒྱ་ལྷུག་པོར་གྲོལ་བའི་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ཆུན་པོ། /enpproperty-->