数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第03版:

དུར་ བྱང་ གི་ སྙན་ ངག་ བདམས་ བཀོད།

ཁེར་རྐྱང་།

དགུན་ཁ་ཚེས་མ་ཐག

འདབ་ཆགས་དག་ཚང་མལ་དུ་ལོག་རྗེས།

བར་སྣང་དང་གཙང་བོ་ཁེར་རྐྱང་དུ་གྱུར།

སྨྲ་བ་ཉུང་དུ་ཕྱིན།

རང་ཉིད་གཅེས་མེད་པའི་སྙན་ངག་པ་དེ་དག

ངའི་གྲིབ་མའི་ནང་དུ་ལོག་ནས་རབ་ཏུ་ངུས།

དེ་ཡི་རྗེས་ནས།

ང་རང་སྨྲ་བ་ཉུང་དུ་ཕྱིན།

ཁྱོད་ཀྱིས།

ཡིད་གདུང་གི་ཐལ་བའི་ནང་དུ།

ཁྱོད་ཀྱིས་ལག་པ་གཉིས་པོ་སྤྱད་ནས།

གཞན་གྱིས་རེག་མི་ཐུབ་པའི།

བརྩེ་དུངས་བྲིས།

བར་ཐག

བར་ཐག་ནི་འགོག་ཐུབ་པ་ཞིག་མིན་པས།

སྨག་རུམ་བཞིན་སྔ་གཞུག་བྱས་ཏེ།

ཚུར་ལ་ཚེས་ཡོང་བ་ཞིག་ཡིན།

སེམས་ཁྲལ།

ཅི་ཞིག་འབྲི་སྙིང་འདོད་ལ།

གང་ཡང་བྲི་བར་མི་ནུས་པས་དུས་ཚིགས།

ཚོར་བ་འགག་པའི་ཟླ་བ་བཅུ་གཉིས།

ང་ཡི་མིག་མདུན་དུ་ལུས་པའི་ཁྱོད་ཀྱི་བྱད་གཟུགས།

སྙན་ངག

སྙན་ངག་འབྲི་བར་དཀའ་བའི་ལག་པ་འཁྱག་པོ།

སུ་ཞིག་གིས་ཡོངས་སུ་བཅད་སོང་།

རྒྱང་རིང་ལྟ་བྱེད་ཀྱི་མིག་ཟུང་གཉིས།

རེག་པར་དཀའ་བའི་སྐྲ་ལོ་དེས་བསྒྲིབས་སོང་།

ཅི་ཡང་མི་ཐེག་པའི་སེམས་སྙི་མོ།

རླུང་ནང་གི་སྐད་ཆ་དེས་བྲེགས་སོང་།

ཆར་བ།

རྒྱུན་ཆད་མེད་པར་འཇིག་རྟེན་གྱི་གཅོང་རོང་དུ།

ཆར་འབྲི་རེ་རེར་ན་ཟུག་གིས་མར་ལྷུང་།

སྣང་ལ་མ་ངེས་པའི་བདེ་སྡུག་དག

ན་ཚོད་མ་སྨིན་པའི་བརྩེ་དུངས།

སྡུག་བསྔལ་གྱི་རྗེས་སུ་འཁྲིད།

ནམ་ཟླ་འཁྱག་ཚུལ་དང་འདྲ་བར།

ནང་སེམས་ཀྱང་མེ་འཁྱག་པ་ཞིག་དང་མཚུངས།

དྲི་བ།

མ་སྐྱེས་པ་མཐའ་དག་སྐྱེས་པར་གྱུར་སོང་ན།

ཚེ་སྲོག་དེ་དག་མེ་ཏོག་བཞད་བཞད་བྱས་ཏེ།

འཐབ་འཛིང་དག་རང་བཞིན་གྱིས་ཞི་མི་འགྲོ་འམ།

ཡོད་པ་མཐའ་དག་མེད་པར་གྱུར་སོང་ན།

སྟོང་པ་ཉིད་ཟེར་བའི་བརྡ་ཆད་དེ།

བཞག་པ་ལ་དགོས་མེད་དུ་གྱུར་སོང་བ་མིན་ནམ།

གྲོགས་པོ།

ཁྱོད་ཀྱི་ཕྲ་ཕུང་ནང་གི།

ཁེར་རྐྱང་གི་གྲིབ་གཟུགས་ཕྱིར་ལྡོག་མི་ནུས་ན་ཡང་།

ཁྱོད་ཀྱིས་སྔར་བཞིན་ཨུ་ཚུགས་བྱས་ཏེ།

རང་ཉིད་ཀྱི་གྲིབ་མ་མི་ཚོགས་ཁྲོད་གཡུགས་དོན་ཅི།

ཁྱོད།

ཁྱོད་ཀྱིས་ང་མཐོང་མི་འདོད་ན།

ཁྱོད་ང་དང་བྲལ་བ་ཧ་ཅང་སླ་མོ་ཞིག་ཡིན།

མེ་འཁོར་ནང་ལ་བསྡད་རྗེས་མིག་མདུན་གྱི།

ཡུལ་དངོས་མཐའ་དག་ཡལ་འགྲོ་བ་དེ་ཙམ་རེད།།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-10-12 དུར་བྱང་། (མགོ་ལོག) 4 4 阿坝日报藏文 c68412.html 1 དུར་ བྱང་ གི་ སྙན་ ངག་ བདམས་ བཀོད། /enpproperty-->