数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第04版:

ཁང་དམར་དགོན་གྱི་མཆོད་གཞིས་ཟངས་དཀར་ཁག་གསུམ།

དགོན་སྡེ་འདིའི་མཆོད་གཞིས་གཙོ་བོར་གྱུར་པ་ནི་ཟངས་དཀར་ཁག་གསུམ་ཡིན། ཡུལ་སྡེ་འདིའི་ལོ་རྒྱུས་རིང་ཞིང་ཡུལ་ཕྱོགས་འདིར་ཆགས་ཚུལ་ཡང་ཡ་མཚན་ལྡན་པ་ཡིན། སྡེ་འདིའི་ཐོག་མར་ཡུལ་དབུས་མཐོ་སྒང་གི་ཕྱོགས་ནས་འོང་སྟེ་ས་འདིར་གཞིས་ཆགས་པའི་རུ་བ་ཁག་ཅིག་ཡིན་ཕྱིར། སྔར་ཡུལ་ལ་སྟོད་མངའ་རིས་ཟེར། ཡུལ་དེར་སའི་ཆགས་དབྱིབས་ལྟར་བྱས་ནས། མིང་ཡུལ་ཟངས་དཀར་མཚོ་ཡིས་བསྐོར།། སྟག་མོ་སྤུ་རངས་གངས་ཀྱིས་བསྐོར།། ཞང་ཞུང་གུ་གེ་གཡའ་ཡིས་བསྐོར།། ཞེས་བསྐོར་གསུམ་དང་ལྡན་པར་གྲགས་ལ། དེ་ཡང་སྡེ་འབངས་རུ་བའི་སྐོར་གྱི་དབྱེ་ན། སྤུ་རངས། མང་ཡུལ། ཟངས་དཀར་གསུམ་སྐོར་གཅིག་དང་། འཆིམས་སམ་ལི། འབྲུ་ཤ རྦལ་ཏི་བཅས་སྐོར་གཅིག ཞང་ཞུང་ཁྲི་སྡེ་སྟོད་སྨད་བཅས་སྐོར་གཅིག་ཡིན་པའི་མངའ་རིས་སྐོར་གསུམ་ཞེས་གྲགས་པའི་ནང་ནས་ཟངས་དཀར་སྐོར་བ་ལས་ཆད་པ་ཡིན། དེ་ཡང་བོད་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་མཐའ་བཞིའི་རྒྱལ་ཕྲན་དབང་དུ་བསྡུས་ཤིང་། གཡུལ་ས་བཙུགས་ནས་མཐའ་མཚམས་ཡུན་དུ་སྲུང་བའི་བཀའ་གནང་། རྒྱ་བལ་གྱི་སྲས་མོ་ཀུང་ཇོ་དང་ཁྲི་བཙུན་ཁབ་ཏུ་བཞེས་ཤིང་། ཇོ་བོ་རྣམ་གཉིས་དབུས་སུ་གདན་དྲངས་ནས་གཙུག་ལག་ཁང་བཞེངས། མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་བཏོད། དམར་པོའི་རིར་ཕོ་བྲང་བརྩིགས་ཏེ་ཆབ་སྲིད་བསྐྱངས་པ་སོགས་ཀྱི་མཛད་ཆེན་རྒྱལ་རབས་དང་ལོ་རྒྱུས་དག་ཏུ་གསལ། དུས་དེར་མདོ་སྨད་རྒྱལ་རོང་དང་ཟུང་ཆུའི་ཕྱོགས་ཀྱི་མཐའ་མཚམས་སུ། ཐང་བོད་འཁྲུག་པ་མང་དུ་ལངས་པས། མཐར་བོད་དམག་གི་རྒྱུད་ཡིན། དུས་དེར་སྤྱིར་དམག་དཔུང་ཡིན་ཀྱང་རང་གི་རུ་སྡེའི་མིང་དང་རུས་རྒྱུད་འཛིན་སྲིད་པས། གཞིས་སྡོད་དམག་སྡེ་ལས་སྟོད་མངའ་རིས་ཟངས་དཀར་ཕྱོགས་ཀྱི་དམག་རུ་འགའ་འབྲོག་སྡེའི་སྤོར་བསྐྱོད་གོམ་གཤིས་ལྟར་ས་འདིའི་ཡུལ་མི་དང་མཉམ་དུ་གཞིས་ཆགས་ཤིང་ཐོག་མར་ཡུལ་འཛིན་པའི་རུ་བ་དེ་དག་ལ་ཟངས་དཀར་རུ་བདུན་དུ་གྲགས་པའི་བཤད་རྒྱུན་དེའང་མཁས་དབང་དམུ་དགེ་བསམ་གཏན་གྱིས་བརྩམས་པའི་ལོ་རྒྱུས་ཀྱི་ཁུངས་ལས་ར་འཕྲོད་ཅིང་། ཁོ་ཚོས་མི་རབས་ནས་མི་རབས་བར། བསྒྲགས་གཏམ་ཚིག་གི་འགོ་རྒྱན། དཔའ་གཏམ་སྡར་མ་གནོན་གཏམ་ལ།

སྔ་ཐོག་དང་པོ་ངེད“ཟངས་དཀར་རུ་བདུན་ཆགས་ནས་བཟུང”ཟེར་བ་དེ། སྡེ་འདི“འབྲོང་རྭ་གནའ་སྐྱེས་ཡིན་པ་ལས་བེའུ་རྭ་ད་འབུད”མིན་པའི་དོན་གཏམ་དུ་འཛིན་ཅིང་། མི་རྣམས་ཀྱི་ཁ་རྒྱུན་དུ་ཡོད་ལ་གཏམ་སྲོལ་ཅིག་ཏུ་གྱུར་འདུག དེ་ཡང་རྒྱལ་མོ་རྔུལ་ཆུའི་སྟོད་ཀྱི་ཆུ་ལག་སོ་མང་ཆུའི་སྟོད་རྒྱུད་ཟངས་དཀར་ཁོག་ཆུ་ཟེར་བ་ནི། འོམ་ཚལ་གྱིས་བརྒྱན་པའི་རྫ་རུ་འོམ་བུ་ངོ་དམར་གྱི་རི་རྒྱུད་ལས་རྫ་རྡོ་དཀར་པོ་ཟངས་ང་ལྟ་བུ་ཞིག་གི་ནང་ནས་མུ་ཏིག་འཕྱུར་བ་ལྟར་ཐོག་གྱི་ཡོད་པས། ཟངས་དཀར་ཁོག་ཅེས་པའི་ས་མིང་ཐོག་པའང་གནའ་མིའི་ངག་རྒྱུན་དུ་ཡོད། སྡེ་འདི་སྟོད་མངའ་རིས་ཟངས་དཀར་སྐོར་ནས་ཐོན་པའི་དཔའ་དམག་གི་རུས་རྒྱུད་ཀྱང་ཡིན། ཡུལ་འདིར་གཞིས་ཆགས་ནས་ད་བར་ལོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ཡོད། དུས་ཕྱིས་ཕྱི་འབྲོག་པ་རྣམས་ཀྱིས། ཟངས་དཀར་དང་ཨ་མཆོག་གཉིས་ལ“ཨ་མཆོག་ཟངས་དཀར་རམ་ཟངས་དཀར་ཨ་མཆོག”ཟེར་སྲོལ་ཡོད་པ་ལྟར་ཡུལ་དེ་ཕྱོགས་ལ་འབྲེལ་བ་ཆེ། སྤྱིར་ཟངས་དཀར་རུ་སྡེ་འདི་རྒྱལ་རོང་སོ་མང་རྒྱལ་པོའི་མངའ་འོག་འབྲོག་རུ་བར་བདག་ཏུ་བཟུང་སྟབས་རྒྱལ་པོ་དེའི་མངའ་འོག་གི་ཡུལ་སྡེ་དགོན་ཁག་བཅས་ལ་འབྲེལ་ཆེ་ཞིང་ས་རྒྱ་ཡང་ཆེ་རུ་གྱུར། ལོ་དུ་མ་སོང་བ་ན་རིམ་བཞིན་ཟངས་དཀར་སྟོད་མ། ཟངས་དཀར་སྨད་མ། ཟངས་དཀར་བར་མ་སྟེ་རུ་ཤོག་ཁག་གསུམ་དུ་ཆགས་པར། ཟངས་དཀར་སྟོད་སྨད་བར་གསུམ་ཟེར། རུ་ཤོག་གསུམ་ག་སྤྱིར་སོ་མང་དང་མདའ་མཁན་དཔོན་གྱི་མངའ་འོག་ཡིན་ལ། སྔར་དབལ་ཤུལ་དཔོན་རབས་འགས་བསྐྱང་། བར་སྐབས་བཀྲ་ཁྱོམ་དང་། མདའ་མདོ། ཧ་མཐའ་སོགས་ཀྱི་སྟོད་སྨད་བར་གསུམ་སོ་སོར་བསྐྱང་། ཕྱིས་སུ་མདའ་མཁན་གྱིས་མངག་པའི་དཔོན་ཚབ་རེ་སྨད་མའི་ནང་ནས་རེས་སྡོད་བྱས། ཟངས་དཀར་ཁག་གསུམ་གྱི་རུ་སྡེ་དག་ལ་སྔར་ནས་བཟུང་། རང་སྡེའི་ཡུལ་ལྷའི་གཙོས་ཟངས་དཀར་སྤྱི་བསང་ལྟར་ཡུལ་ལྷ་གསོལ་མཆོད་བྱེད་སྲོལ་ཡོད། སྤྱིར་ཟངས་དཀར་ཁག་གསུམ་ཟེར་བའི་རུ་སྡེ་དེ་མིག་སྔར་ལུང་ཟི་ཡུལ་ཚོ་དང་ཟངས་དཀར་ཡུལ་ཚོ་གཉིས་སུ་འདུ་ལ། དེ་བཞིན་ཕྱོགས་མཐར་སྡོད་ཆགས་པའི་ཟངས་དཀར་མ་ཟེར་བའི་མིང་འཛིན་དུད་ཚང་དག་བཅས་ཁྱོན་དུད་ཚང་བརྒྱ་ཕྲག་ལྔར་ཉེ་བ་དེ། སྔར་གྱི་ཟངས་དཀར་རུ་བདུན་ལས་འཕེལ་བའམ་དེའི་ཤུགས་རྐྱེན་གྱིས་འདུས་པ་ཡིན་པ་གོར་མ་ཆག དེའི་ཕྱིར། ཁང་དམར་གྱི་དགོན་གཞི་ཐེབས་ནས་བཟུང་། མཆོད་ཡོན་གྱི་འབྲེལ་བའི་བར་ཆད་མ་མྱོང་བར་མ་ཟད། མི་ལོ་ལྔ་བརྒྱ་ལྷག་གི་སྔོན། རྗེ་བཀའ་དྲིན་ཅན་ཚ་ཁོ་མཁན་ཆེན་ངག་དབང་གྲགས་པས་ཕྱག་བཏབ་དགོན་རྙིང་འདིའི་བསྟན་སྦྱིན་གཙོ་བོ་ཡིན་ཕྱིར་ལོ་རྒྱུས་ཅུང་ཞིབ་པར་འཁོད་དགོས་ཀྱང་། མིག་སྔར་ཟངས་དཀར་རུ་ཤོག་སོ་སོའི་ལོ་རྒྱུས་ཞིབ་ཕྲ་ལོགས་སུ་འབྲི་བཞིན་ཡོད་པས། འདིར་ས་བཅད་མ་སྟོང་ཙམ་བཀོད་པ་ཡིན།

《ཁང་དམར་ཨེ་ཝཾ་བདེ་ལྡན་གླིང་གི་གདན་རབས》ཀྱི་ལྡེབ་མ༢༡༨ལས་བཏུས་པ།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2019-02-22 4 4 阿坝日报藏文 c75703.html 1 ཁང་དམར་དགོན་གྱི་མཆོད་གཞིས་ཟངས་དཀར་ཁག་གསུམ། /enpproperty-->