数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第03版:

སྡོམ་ པ་ སྲུང་ ཞོར་ ཤོར་ ཞོར།

♦འོར་མ། 【རྔ་བ། 】

མོས། “ཁྱོད་ལ་འཕྲིན་ཕྲན་ཡོད་དམ”ཞེས་དྲིས་པར།

གྲྭ་པས“མེད།”ཅེས་བཤད།

“དེ་ན་ཨང་གྲངས་ཡོད་རྒྱུ་རེད་པཱ། ”ཞེས་མོས་དྲིས་པར།

དེ་ཡང“མེད”ཅེས་ལན་བྱིན།

“ངས་ཁྱོད་ལ་ཁ་པར་ཞིག་བྱིན་ན་ཆོག་ཀི”ཞེས་ཁོ་མོས་བཤད་ཀྱང་། གྲྭ་པ་དེས། “མི་དགོས། ང་འདི་ནས་བརྡ་རྟགས་མེད་སའི་ནགས་ཁྲོད་ཅིག་ན་འགྲོ་རྒྱུ་ཡིན། ཁྱོད་ལ་བཀའ་དྲིན་ཆེ།”ཞེས་ལན་བཏབ།

རླངས་འཁོར་དེ་དལ་མོར་ལམ་དུ་ཕར་འཁྱོག་ཚུར་འཁྱོག་བྱས་ནས་སྐབས་རེར་རི་སྣ་ནས་རི་གུད་དང་ལུང་ནང་ནས་ལུང་པ་གཞན་དུ་འཛུལ་ནས་འགྲོ་བཞིན་འདུག་ལ། སྐར་འབྲུ་ཆ་རེ་མདུན་ཤེལ་ངོས་སུ་འཚེར་ཡོང་བར་མ་ཟད། ཟླ་འོད་ཆུ་ནང་དུ་ཕོག་ནས་མཚན་མོ་དེར་རང་བྱུང་གི་མཛེས་སྡུག་གཞན་ཞིག་དོད་འདུག

“ཅི་འདྲའི་མཛེས་པའི་མཚན་མོ་ཨང་། ཅུང་ཙམ་ཐང་ལ་བབས་ནས་མཐོ་སྒང་གི་ས་སྲོས་ཀྱི་མཚན་ལྗོངས་རོལ་ན་ཆོག་གམ”ཞེས་མོས་དྲིས་པར།

གྲྭ་པས“ཆོག་གི འོན་ཀྱང་། ཅུང་ཟད་མགྱོགས་སུ་ཆུག”ཅེས་བཤད།

འོན་ཀྱང་གྲྭ་པ་དེ་རླངས་འཁོར་དུ་བསྡད་ནས་ཐང་ལ་མ་བབས། གྲྭ་པ་དེས་རྨི་ལམ་དུ་ངོ་གཏན་ནས་མི་ཤེས་པའི་བུད་མེད་རེ་ལ་འདོད་ཆགས་ཀྱི་ཉེན་ཁས་འོ་བྱེད་པའམ་རེག་པ་ཉམས་སུ་མྱོང་བཞིན་པ་ན། སྡོམ་པ་དྲན་ནས་ཡར་སད་པ་དང་ཡང་ན་མཚམས་འཇོག་བྱས་པ་མང་པོ་ཡོད་ལ། ཐ་ན་ཁོ་འདྲེ་མོ་ཞིག་གིས་བདའ་ནས་སྡོམ་པ་འཕྲོག་གྲབས་བྱེད་པའང་མང་པོ་རྨིས་མྱོང་བ་དེ་རིང་མངོན་དུ་གྱུར་སོང་བ་འདྲ།

“ཤོག ང་པར་ཞིག་རྒྱབ་རོགས།”སྐེ་དཀྲིས་དམར་པོ་དེའི་སྣེ་མོ་ཕྲག་པ་གཡས་སྟེང་ལ་ལག་གཡོན་གྱིས་འཕེན་ཞོར་སྒོ་མོ་འབྱེད་ཞོར་བྱས་ཏེ་ཁོའི་དྲང་ལག་ལ་འཇུས་འདུག ཁོས་མི་ཐུབ་ཅེས་ཤོད་མ་ཐུབ། མར་བབས་ནས་ཁོ་མོ་པར་འགའ་བླངས་ཤིང་། མཉམ་དུ་ཟླ་འོད་ལ་བལྟས། ཅུང་ཙམ་ནས་ཁོ་མོས།

“ཁྱོད་ཀྱི་གཟན་ང་ལ་གཡར་ན་ཆོག་གམ”ཟེར།

“མི་ཆོག འདི་བུད་མེད་ཚོས་གྱོན་རུང་ནི་མ་རེད”ཅེས་གྲྭ་པས་བཤད་པ་ན།

“འོ་ན་ཇོ་མོ་ཚོ་བུད་མེད་མིན་ནམ”ཞེས་ཁོ་མོས་ཚིག་འཁྲི་བྱས་སོང་།

“གང་ལྟར་ཁྱོད་ཇོ་མོ་མ་རེད”ཅེས་བཤད་ཀྱང་ཁོ་མོས་གཟན་གྱི་སྣེ་མོར་འཇུས་ནས་མི་གཏོང་བས་ཁོས་ཚུར་འཐེན་པ་ན་གདོང་གཉིས་ཐོ་ཐིག་བྱུང་།

རྒྱང་རིང་གི་གནམ་མཐའ་ནས་གློག་འོད་ཞལ་ཞིལ་དང་དེའི་འཕྲོར་འབྲུག་སྒྲ་འཐིབས་པོ་རེ་གྲག་ཡོང་བ་དང་ལམ་ཞོལ་ནས་འཕྲུལ་རྟ་དང་རླངས་འཁོར་སྐོར་མཁན་མང་པོ་ངེས་མེད་དུ་མདུན་ཕྱོགས་རྐྱང་རྐྱང་ལ་བལྟས་ཏེ་མཚན་ལམ་གཅོད་ཀྱིན་འདུག་ལ། ཆར་ཅུང་ཙམ་བབས་པས་ལམ་ནང་དུ་སྦལ་བ་དང་ཕྱེ་ལེབ་མང་པོ་སྔ་སོའི་སྨི་བཅུ་ཡས་ཤིག་ཏུ་བརྐྱངས་པའི་མདུན་སྒྲོན་གྱི་འོད་ངོགས་ནས་གསལ་བོར་མཐོང་ཡོང་། ལམ་ནང་དུ་ཡར་རྒྱུག་མར་རྒྱུག་བྱེད་པའི་ཁ་ལོ་དག་གིས་ཁོ་གཉིས་མཐོང་མ་སོང་། གྲྭ་པ་ཞིག་རྐང་ཐང་ལ་མདུན་ཕྱོགས་སུ་འགྲོ་བཞིན་འདུག ཁོ་མོས་རླངས་འཁོར་སྐོར་བཞིན་ཁོ་ལ་དུང་བརྡ་བརྒྱབ་ནས་ནང་དུ་འཛུལ་བའི་བརྡ་ཇི་ལྟར་བྱས་ཀྱང་། ཁོས་གོ་ཙམ་ཡང་མི་བྱེད་པར་མདུན་དུ་དམར་སྒོང་ངེར་འགྲོ་བཞིན་འདུག་ལ། འོད་ངོགས་ནས་ཁོའི་ལྷམ་ཞབས་ནག་གོར་རེ་གོ་རེ་རིག་ཡོང་།

ཅུང་ཙམ་ནས་ཁོ་མོས་གྲྭ་པ་དེར་ཁ་ཡ་མ་བྱས་པར་སྔུན་ལ་བརྒྱུགས་ནས་རི་བོ་ཞིག་གི་ཕར་རྒྱབ་ལ་ཡིབས་སོང་བས། གྲྭ་པར་ལྷིང་འཇགས་ཀྱི་ཚོར་སྣང་ཞིག་བྱུང་སྟེ། ད་ཅི་ཁོ་མོས་ཟེར་བ་ལྟར། མཐོ་སྒང་གི་མཚན་ལྗོངས་ནི་ཅི་འདྲའི་མཛེས་སྡུག་ལྡན་པ་ཞིག་ཨང་སྙམ།

དུས་ཚོད་འགའི་སྔོན་ནས་གནམ་ངོ་ནག་ཅིང་ཆར་བ་བབས་པ་དང་། ད་ལྟ་ནི་ཆར་རྡུལ་རེ་ཟིབ་ཟིབ་འབབ་པ་ལས་ཟླ་འོད་ཀྱང་སྤྲིན་ཞོལ་ནས་ལན་རེར་གསལ་ཞིང་ལན་རེར་ཡིབས་ཏེ་མི་མངོན་པར་གྱུར་འགྲོ།

མདུན་སྒྲོན་འཚེར་པོ་ཅན་གྱི་རླངས་འཁོར་ཞིག་ཁོའི་སྔུན་ནས་བརྒྱུག་ཡོང་སྟེ་ཁོའི་ཟུར་དུ་འདུག་ཅིང་བལྟས་པ་ན་དེ་ནི་གཞན་མིན་པར་ཁོ་རེ་ཡའི་བུ་མོ་དེ་རེད།

“འེ། ནང་ལ་བུད། ཆར་དབབ་རྒྱུ་རེད། ཨུ་ཚུགས་མ་བྱེད། ཆམ་པ་ཕོག་རྒྱུ་རེད། ཁྱོད་དོ་དགོང་མཚན་གང་བོར་ཐོན་རྒྱུ་མ་རེད། ”ཅེས་ཁོ་མོས་སེམས་ཁུར་དང་འགྱོད་སྣང་གཉིས་འདྲེས་ཀྱིས་གྲྭ་པ་དེ་སྐད་བཤད་ཅིང་། སླར་ཡང“ཁྱོད་རླངས་འཁོར་དུ་མ་བུད་ན། ང་ཡང་རྐང་ཐང་ལ་འགྲོ་རྒྱུ་ཡིན།”ཞེས་ཁོ་མོ་རླངས་འཁོར་ལས་བབས་ཏེ་ཁོའི་རྗེས་སུ་རྒྱུག་འོང་། རང་བྱུང་ཁོར་ཡུག་གི་འགྱུར་བ་ནི་ངེས་བཟུང་མེད་པར། སླར་ཡང་ཆར་འབྲུ་ཇེ་ཆེ་དང་མུན་ཇེ་ནག་ཏུ་བཏང་ཞིང་གྲང་རླུང་འུར་འུར་ལྡང་བྱུང་།

“ཅི་འདྲ་ཡི། ངས་བཤད་པ་བདེན་གི་པཱ”ཁོ་མོས་རྔོན་པས་རི་དྭགས་རྩ་ཆེན་ཞིག་རྙི་ལ་ཟིན་པ་ལྟར་ཡིད་ཚིམ་སྣང་གིས་བཤད།

ཁོ་གཉིས་རྫོང་མཁར་དུ་ཐོན་པ་ན། གྲྭ་པས་ཁོ་མོར་སྒོར་མོ་སུམ་ཅུ་སྤྲད་རྗེས་ཅི་ཡང་མ་བཤད་པར་སྒོ་བྱང་དམར་པོ་སྟེང་དུ་བདེ་སྐྱིད་མགྲོན་ཁང་ཞེས་པའི་ཡི་གེ་ཚོན་རིས་མ་སྦྱར་ཡོད་ས་དེའི་ཕྱོགས་སུ་བུད་སོང་། ཁོ་མོས། “ང་ལ་སྒོར་མོ་འདིའི་ཨང་གྲངས་ཅུང་ཙམ་ཡང་གལ་ཆེ་མི་ཆེ་མོད། གོར་མོ་འདི་ང་ལ་མཚོན་ན་ཧ་ཅང་གལ་ཆེ་བས། ངས་དྲན་རྟེན་དུ་བླངས་པ་ཡིན”ཞེས་བཤད་བྱུང་།

ཆར་བའི་ནང་དུ་གྲྭ་པ་དེ་འགྲོ་བཞིན་པར་མོས་མདུན་དུ་གློག་བཀར་ནས་སྐྱེལ་མ་བྱེད་ཀྱིན་འདུག་ཅུང་ཙམ་ནས། རྒྱབ་ཕྱོགས་ནས་དུང་བརྡ་ཞིག་བརྒྱབ་བྱུང་། ཁོའི་རྒྱབ་ནས་འཕྲོས་པའི་འོད་དེ་མདུན་ཕྱོགས་སུ་འཚུབ་འཚུབ་ཅིག་བྱས་པས་ཁོས་ཀྱང་རྒྱབ་ཕྱོགས་སུ་བལྟས་པར། ཁོ་མོ་རླངས་འཁོར་ལས་འབབ་ཞོར་སྒོ་འབྱེད་ཞོར་གྱིས་ཁོའི་ཕྱོགས་སུ་བརྒྱུག་ཡོང་ནས། ཁོའི་སྐེ་ལ་དམ་པོར་འབྱར་བཞིན་རྣ་འབྱོག་གཡོན་པར་སོ་ཞིག་བཏབ་བྱུང་། དེ་ནི་ཁོ་ལ་མཚོན་ན་ཆུང་དུས་སུ་བེའུ་རྡང་ནས་རང་གི་སྐྲ་ནང་དུ་ཚྭ་རྩམ་བླུགས་ཏེ་རྟོལ་ཕྲུག་ལ་ཁོའི་རྣ་འབྱོག་ལྡག་ཏུ་བཅུག་པ་དང་ཅུང་ཟད་འདྲ་མོད། ཁོ་མོའི་ཁ་རླངས་རྣ་རྩར་ཕོག་པའི་ཚོར་བ་དེ་ནི་ལུས་ཡོང་ཚ་སོབ་སོབ་བྱེད་པའི་སྨྲ་བསམ་བརྗོད་འདས་ཤིག་རེད། དེའི་ཕྱིར། ཁོས་ཀྱང་འགོག་རྒོལ་བྱེད་པའི་དྲན་པ་མ་ཟིན།

“གལ་ཏེ་ང་བརྗེད་མ་སོང་ཚེ། འདི་ལ་སྦྲེལ་ཡོང་རོགས། ངས་རེ་སྒུག་བྱེད་འདུག་རྒྱུ་ཡིན”ཞེས་ཁོའི་ལག་ཏུ་ཤོག་བྱང་ཞིག་བཞག་ནས་བུད་སོང་། ནུབ་མོ་དེར་ཁོས་མགྲོན་ཁང་གི་གདན་འཇོག་ལས་ཁོ་མོར་འདི་ལྟར་བཤད་བྱུང་། “ང་ནི་རི་ཁྲོད་པ་ཞིག་ཡིན།ལས་དབང་གིས་འུ་གཉིས་དེ་རིང་ངོ་ཤེས་པ་རེད། དེ་ན། ངས་ཁྱོད་ལ་ནམ་ཡང་དགེ་བསྔོ་བྱེད་ངེས་ཡིན། རབ་ན། ཁྱོད་རང་ཆོས་སྒོར་ཞུགས་རྒྱུའི་རེ་བ་ཡོད། ད་བདེ་མོ་བྱོས། ཁྱོད་ཀྱི་ཨང་གྲངས་འདི་ངས་ནམ་ཡང་ཉར་ངེས་ཡིན། འོན་ཀྱང་ང་རང་རི་ཁྲོད་རྐྱང་རྐྱང་ན་འདུག་པའི་རི་དྭགས་ཤིག་ཡིན་པས། ཁྱོད་ཀྱིས་ངའི་ཁ་པར་ལ་རེ་སྒུག་མི་བྱེད་རོགས། ད་གློག་དམར་ཆེན་པོ་འཁྱུགས་གི ངས་ཁ་པར་གཞག་རྒྱུ་ཡིན། བདེ་མོ།”ཞེས་བཤད་པ་ན། ཁོ་མོས་སྐད་འདར་བཞིན“ད་རུང་ཁ་པར་ཅུང་ཙམ་མ་འཇོག ངའི་ཁྱོད་ཀྱི་སྐད་གདངས་ལས་བརྗོད་མི་ཤེས་པའི་བདེ་བ་ཞིག་རྙེད་ཐུབ་ཀི”ཞེས་ངུ་ལྷུག་བྱས་པར། གྲྭ་པ་དེས། “ཁྱོད་ནང་པའི་ཆོས་སྒོར་ཞུགས་རྒྱུ་ངའི་རེ་བ་ཡིན། ད་བདེ་མོ་གྱིས།”ཞེས་ཁ་པར་གཏན་སོང་།

ནངས་མོར་གྲྭ་པ་དེ་སོང་ནས་ཅུང་ཙམ་མ་འགོར་བར་ཁོ་རེ་ཡའི་བུ་མོ་དེ་ཐོན་ནས། གྲྭ་པ་དེའི་ཁང་མིག་གང་ཡིན་དྲིས་བྱུང་། ཁང་བདག་མས། “གྲྭ་པ་དེ་བུད་སོང་། འགྲོ་ཁར་འདི་ཁྱོད་ལ་སྟེར་ཞོག་ཟེར་གི”ཞེས་ཁོ་མོར་དབུ་མེད་ཀྱིས་བྲིས་པའི་ཤོག་ལྷེ་ཞིག་གཏད་སོང་། ཁོ་མོས་གྲྭ་པ་དེ་ཇི་ལྟར་བཙལ་ཀྱང་མ་རྙེད་པས་གྲྭ་པས་ཁ་སང་གླས་པའི་ཁང་མིག་ཏུ་ནུབ་གཅིག་ལ་བསྡད་རྗེས་མཐོ་སྒང་གི་རྫོང་མཁར་ཆུང་ཆུང་དེ་དར་ཁ་བྲལ་སོང་།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2019-04-23 ♦འོར་མ། 【རྔ་བ། 】 4 4 阿坝日报藏文 c79301.html 1 སྡོམ་ པ་ སྲུང་ ཞོར་ ཤོར་ ཞོར། /enpproperty-->