数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第04版:

སློབ་ གྲོགས་ ཚོ། གཟའ་ མཇུག་ བཟང་།

རྡོ་སྟོད་སློབ་ཆུང་གི་གཟའ་མཇུག་གི་གནས་ཚུལ་རགས་བཀོད།

ཁྱེད་རང་སློབ་མ་སྐྱོང་བར་དགའ་ཞིང་། སློབ་མ་ཚོས་སྐད་ངག་སྙན་མོས་ཕ་སྐད་ཀྱི་གདངས་དབྱངས་ངག་ལ་སྐྱོར་བ་ཐོས་ཚེ། སེམས་པ་དགའ་ལྷང་ངེར་འགྲོ་བ་ཞིག་ཡིན་ནམ།

གལ་ཏེ། ཁྱེད་རང་དེ་འདྲ་ཞིག་ཡིན་ཚེ། རྡོ་སྟོད་སློབ་ཆུང་དུ་སོང་དང་། དེར་སློབ་མ་རྣམས་ཁ་ཞེ་གཉིས་མེད་ཀྱིས་སྐྱོང་བའི་དགེ་རྒན་གྱི་དཔུང་སྡེ་ཡོད་པར་མ་ཟད། ཕ་སྐད་མ་བོར་བའི་འབྲོག་ཕྲུག་རྣལ་མ་སློབ་སྦྱོང་ལ་དགའ་བ་དག་ཀྱང་ཡོད།

ལས་རྒྱུ་འབྲས་ཀྱི་བག་ཆགས་ཟབ་མོ་རང་སེམས་དང་འབྲལ་མེད་དུ་ཡོད་པའི་དགེ་རྒན་ཞིག་ལ་། གཞན་གྱིས་དགེ་རྒན་ལགས་ཞེས་བོས་ཚེ་། སེམས་སུ་ནོངས་པ་ཅི་ཡང་མེད་པར་། སེམས་པ་དགའ་ལྷང་ངེར་། སྤོབས་པ་དང་གཟི་བརྗིད་ཆེ་ལེར་གནས་པ་ཞིག་ཡོད་ན་། དེ་དུས་རང་ཉིད་ཚད་དང་ལྡན་པའི་དགེ་རྒན་དུ་གྱུར་ཟིན་པ་ཡིན་།

འདས་པ་ཁོ་ནར་འགྱོད་མི་བྱ། ། འགན་འཁྲི་སེམས་ནས་འབོར་མི་བྱ། །

སྤྱི་ལོ1958ལོར། སློབ་གྲྭ་འདི་གསར་དུ་བསྐྲུན། སྐབས་དེར་ངེས་གཏན་གྱི་སློབ་ཁང་མེད་པར་མ་ཟད། རྫོང་ཡོངས་ཀྱི་སློབ་མ་ཆེས་ཉུང་བའི་སྦྲ་གུར་སློབ་གྲྭ་ཞིག་ཡིན་འདུག འོན་ཀྱང་། ཆེས་ཐོག་མར་སློབ་ཁང་མེད་ལ། སློབ་མའང་བཞི་ལྔ་ཙམ་ལས་མེད་པའི་སློབ་གྲྭའི་མིང་ཙམ་ཁུར་བ་དེ་ཉིད། ད་ལྟ་འཕེལ་རྒྱས་སུ་སོང་སྟེ། སློབ་མ་བཞི་བརྒྱ་ཙམ་དང་དགེ་རྒན་སུམ་ཅུར་ཉེ་བའི་སློབ་ཆུང་ཚད་ལྡན་ཞིག་ཏུ་གྱུར།

ལོ་དང་ན་ཚོད་ཆུང་ན་ཡང་། ། ཤེས་རབ་འབྱོར་བའི་རྒྱུ་ཀུན་ཚང་། །

གཟའ་སྤེན་པའི་ཉིན་གྱི་སྔ་དྲོའི་སློབ་ཐུན་རྣམས་གྲོལ་ལ་ཉེ་བ་ན། ཁྱིམ་བདག་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་འོངས་ཏེ། རང་རང་གི་སློབ་མ་བསུ་བར་བྲེལ་ཞིང་། དེ་དག་ལ་ཞ་སྨྱུག་དང་འབྲི་དེབ་ཉོ་བ་སོགས་བྱེད་བཞིན་འདུག

གཟའ་སེལ་ལས་མ་ཐར་བའམ། ཡང་ན་གཟའ་རེའི་སློབ་སྦྱོང་གི་ལས་འགན་མ་འགྲུབ་པའི་སློབ་མ་རྣམས་ཁྱིམ་དུ་མ་མངགས་པར་དགེ་རྒན་དང་ཁྱིམ་བདག་མཉམ་རུབ་ཀྱིས་བལྟས་ཏེ། སློབ་མ་ཚོར་བློར་འཛིན་དང་། ཉན་འབྲི། ལས་བྱ་སློབ་པ་སོགས་བྱེད་བཞིན་འདུག

རྣམ་པ་འདི་དག་མཐོང་བ་ན། སྔར་བྱིས་པ་རྣམས་སློབ་གྲྭར་གཏོང་དགོས་ཟེར་ན། མཆུ་འགྱུར་ཞིང་མི་དགའ་བའི་ཉམས་སྣ་དགུ་སྟོན་འོངས་པའི་ཡུལ་སྡེ་དག་དེང་སང་ཡོངས་སུ་འགྱུར་ཏེ། རང་གི་བྱིས་པ་རྣམས་སློབ་གྲྭར་གཏོང་བ་དང་། དེ་དག་གི་སློབ་སྦྱོང་གི་ཆེད་དུ་ཤ་ཐང་ཐང་གིས་འབད་པ་འདི། གཅིག་ནས་སྤྱི་ཚོགས་གོང་འཕེལ་གྱིས་སྤྲད་པའི་ཉམས་མྱོང་དང་། གཉིས་ནས་དགེ་རྒན་ཁོང་ཅག་གི་བཀའ་དྲིན་རེད་ཨང་མི་འདོད་སྐྱེ་བོ་སུ་ཞིག་མཆིས།

སྤྱིར་སློབ་གྲྭའི་ཁོར་ཡུག་ཧ་ཅང་ཆེ་རྒྱུ་མི་འདུག་ནའང་། ཁོར་ཡུག་ཀུན་གཙང་ཞིང་གད་སྙིགས་སོགས་གང་སར་དོར་བ་མཐོང་དཀོན་པའི་ཚད་དུ་འདུག སློབ་ཁང་གི་སྒོ་ཁྱམས་དག་ཏུ་སློབ་ལ་གདམས་པའི་ཡི་གེ་སྒྲོས་གཙང་མང་པོ་འདུག་པར་མ་ཟད། སློབ་ཁང་གི་ནག་པང་ངོས་ཀྱི་རིག་གནས་དགའ་ཚལ་སོགས་ཧ་ཅང་ཡག་པོ་བྲིས་འདུག

ཕར་བལྟས་ན། སློབ་མ་མང་ཆེ་བ་ལོ་ན་ཆེས་ཤིན་ཏུ་ཆུང་ནའང་། དགེ་རྒན་ཞིག་རེད་སྙམ་པ་བྱུང་ཚེ། གུས་བཀུར་འདྲ་བ་བྱེད། དེ་དུས་རང་དབང་མེད་པར། ལོ་དང་ན་ཚོད་ཆུང་ནའང་། །ཤེས་རབ་འབྱོར་བའི་རྒྱུ་ཀུན་ཚང་། །ཞེས་པའི་ཚིག་འདི་ཡིད་ངོར་ཤར།

ཤེས་རིག་ལྡན་པ་དེ་ཁོ་ནས། ། སློབ་མ་སྐྱོང་བར་མི་ནུས་པས། །

ཤེས་ལྡན་བརྩེ་བ་ཡོད་པར་བྱ། ། བརྩེ་ལྡན་ཤེས་རིག་ཡོད་པར་བྱ། །

དགེ་རྒན་ཡིན་པ་ལ་སློབ་ཁྲིད་རྐྱང་བར་མཁས་ཤིང་། ཤེས་རིག་ལྡན་པ་ཙམ་གྱིས་མི་ཡོང་སྟེ། ངེས་པར་སློབ་མར་བྱམས་ལ། སློབ་མའི་མི་ཚེའི་མདུན་ལམ་ལ་སེམས་ཁུར་ཆེ་བ་ཞིག་ཡིན་དགོས། རྡོ་སྟོད་སློབ་ཆུང་གི་དགེ་རྒན་མང་ཆེ་བས་རང་རང་གི་ངལ་གསོའི་དུས་ཚོད་ཀྱང་སློབ་མ་ཚོའི་མདུན་ལམ་གྱི་ཆེད་དུ་གཏོང་བཞིན་འདུག ཁོ་ཚོ་ནི་ངེས་པ་དོན་གྱིས་སློབ་མར་བྱམས་ཤིང་། སློབ་མའི་མི་ཚེའི་མདུན་ལྗོངས་རིང་པོར་ཐུགས་ཁུར་ཆེ་བ་དག་རེད་ལ། སློབ་མའི་ཁྱིམ་པ་རྣམས་ཀྱིས་ཀྱང་དགེ་རྒན་ཁོང་ཅག་ལ། ཁྱེད་ཚོ་བཀའ་དྲིན་ཆེ་བ་ལ་ཨང་། ང་ཚོའི་བུ་ཕྲུག་འདི་དག་ལ་ཁྱེད་ཅག་གིས་སློབ་སྦྱོང་འདི་འདྲའི་ཡག་པོ་སྤྲོད་ཀྱིན་ཡོད་པ་རེད། ཅེས་དགའ་བའི་མཐེ་བོང་སྒྲེང་བཞིན་འདུག འདི་ནི་ཁྱིམ་པ་ཚོས་དགེ་རྒན་དག་ལ་ཕུལ་བའི་ལེགས་སྐྱེས་ཡིན་པར་མ་ཟད། དགེ་རྒན་ཚོས་ཀྱང་ཁྱིམ་པ་རྣམས་ཀྱི་རེ་བ་སྟོང་ཟད་དུ་གཏོང་བཞིན་མེད་པའི་དན་རྟགས་འཁྲུལ་མེད་དུ་ཁོ་བོས་སེམས།

དྲིན་ཕ་མའི་གམ་ནས་ལག་ཆགས་པའི་དུས་རིམ་དང་། སློབ་ཆུང་གི་དགེ་རྒན་ཚོའི་གམ་ནས་ཀ་ཁ་སློབ་པའི་དུས་རིམ་གཉིས་པོ་གང་ཡིན་རུང་། དེའི་སྐབས་སུ་བཞག་པའི་བག་ཆགས་དང་། བསླབ་པའི་ཡོན་ཏན་སོགས་ཕ་ཆེར་མི་ཚེ་གང་བོར་རང་ཉིད་དང་འབྲལ་ཐབས་མེད་པ་ཡིན། དེ་བས་ས་གནས་རེར་སློབ་ཆུང་ཚད་ལྡན་རེ་དང་ཤེས་ཡོན་དང་ལྷག་བསམ་གཉིས་ལྡན་གྱི་དགེ་རྒན་གྱི་དཔུང་སྡེ་རེ་ཡོད་རྒྱུ་ཤིན་ཏུ་གལ་ཆེ་བར་འདུག་ལ། དེ་ནི་སློབ་གྲྭ་གང་ཞིག་དར་བ་ནས་དར་བར་འགྲོ་བའི་རྩ་བ་ལྟ་བུ་ཡིན།

གང་ལྟར། སློབ་མ་རྣམས་ལ་མཚོན་ན། སློབ་གྲྭ་ནི་རང་ཁྱིམ་གཉིས་པ་ལྟ་བུ་ཡིན་ལ། དགེ་རྒན་ནི་རང་གི་ཕ་མ་ལྟ་བུ་ཡིན། དེ་བཞིན་དགེ་རྒན་རྣམས་ལ་མཚོན་ནའང་། སློབ་མ་ནི་རང་གི་བུ་ཕྲུག་ཇི་བཞིན་ཡིན་པས། བུ་བུ་མོ་ཚོའི་མདུན་ལམ་ལ་འོད་སྟོང་འཕྲོ་བར་བྱེད་པའི་མཛད་པ་གང་དེ། དགེ་རྒན་ཚོའི་མཛད་པ་ཀུན་ལས་མཛད་པ་མཆོག་ཏུ་གྱུར་པ་དང་། བླ་ན་མེད་པ་དེ་ཡིན་པས། དགེ་རྒན་ཁོང་ཅག་ལ་རྗེས་སུ་ཡི་རངས་དང་། བཀའ་དྲིན་བླ་མེད་ཞུ་བར་འོས་སོ།།

(གསར་འགོད་པ་ཛམ་ཐང་བ་ལྕགས་མདའ།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2019-04-23 རྡོ་སྟོད་སློབ་ཆུང་གི་གཟའ་མཇུག་གི་གནས་ཚུལ་རགས་བཀོད། 4 4 阿坝日报藏文 c79304.html 1 སློབ་ གྲོགས་ ཚོ། གཟའ་ མཇུག་ བཟང་། /enpproperty-->