数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

ཉམས་འགྱུར་ལྡན་ཞིང་ཡིད་དབང་འཕྲོག་པའི་གྲོང་གསེབ།

—— རྒྱལ་སྟོན་གུང་གསེང་རིང་གི་གྲོང་གསེབ་ཀྱི་ཡུལ་སྐོར་རྣམ་པ་གསར་པ།

གནམ་སྔོ་རི་ལྗང་ཆུ་བོ་བཟང་། གྲོང་གསེབ་ཀྱི་ལམ་བུ་གཙང་ལ་བདེ། ཞིང་ཁྱིམ་སྒོ་ར་ནས་ཀྭ་རིགས་ཀྱི་དྲི་ཞིམ་འཐུལ། འབྲས་བཟང་སྨིན་པའི་སྟོན་དུས་སུ་གྲོང་གསེབ་འདི་ཉིད་གྲོང་ཁྱེར་བས་སོས་དལ་ཡུལ་སྐོར་བྱེད་མང་བའི་གནས་སུ་གྱུར།

མི་རིང་བའི་གོང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་ནན་དུ་རྟོག་ཞིབ་གནང་སྐབས“གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་སྐབས་བཤིག་བསྐྲུན་ཆེན་པོ་མི་བྱེད་པར། ཡུལ་བབ་དང་བསྟུན་པ་དང་བབ་བསྟུན་སྣེ་ཁྲིད་བྱས་ནས་སྲོལ་རྒྱུན་གྲོང་ཚོ་སྒྱུར་བཀོད་ཡག་པོ་དང་སྲུང་སྐྱོང་ཡག་པོ་བྱེད་དགོས”“ཕུན་སུམ་ཚོགས་པའི་གསར་བརྗེའི་རིག་གནས་ཐོན་ཁུངས་དང་ལྗང་མདོག་སྐྱེ་ཁམས་ཐོན་ཁུངས་ལ་བརྟེན་ནས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་གྲོང་གསེབ་ཀྱི་དཔལ་འབྱོར་གྱི་གསོན་ཤུགས་འཕེལ་བ་བྱ་རྒྱུ་ནི་གྲོང་གསེབ་དར་རྒྱས་ཀྱི་བྱེད་ཐབས་བཟང་པོ་ཞིག་རེད”ཅེས་གསུངས་ཡོད།

རྒྱལ་སྟོན་གུང་གསེང་རིང་གསར་འགོད་པ་པེ་ཅིང་དང་། ཧོ་པེ། ཧོ་ནན་སོགས་ས་ཁུལ་གྱི་གྲོང་གསེབ་ཏུ་བཅར་འདྲི་བྱེད་པར་སྐྱོད་སྐབས་གྲོང་གསེབ་ཀྱི་ཡུལ་སྐོར་བྱ་གཞག་འཕེལ་རྒྱས་ཕྱིན་ཏེ་གྲོང་གསེབ་དེ་བས་མཛེས་སྡུག་ལྡན་པ་དང་། ཞིང་པ་ཕྱུག་འགྱུར། ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་བཅས་གྲོང་གསེབ་དར་རྒྱས་ཀྱི་སྒུལ་ཤུགས་གསར་པ་འཕེལ་བཞིན་པ་མཐོང་།

ནགས་ཚལ་དང་གསར་བརྗེའི་གླུ་གཞས་ལས་གྲོང་གསེབ་ཀྱི་མཛེས་སྡུག་རྣམ་པ་མངོན།

ཚེས་3ཉིན་གྱི་ཞོགས་པ། པེ་ཅིང་གྲོང་ཁྱེར་ཧྥུང་ཐའེ་ཆུས་སུ་སྡོད་མཁན་ཧོ་ཧུང་ཀྲུང་གིས་ནང་མི་ལྔ་པོ་འཁྲིད་དེ་རླངས་འཁོར་བཏང་ནས་པེ་ཅིང་གྲོང་ཁྱེར་ཧྥང་ཧྲན་ཆུས་ཞ་ཡུན་ལིན་ཡུལ་ཚོ་ཐང་ཧྲང་གྲོང་ཚོར་བསྐྱོད།

པེ་ཅིང་གྲོང་ཁུལ་ནས་གྲོང་འདབས་ཀྱི་ཞིང་པའི་ཁྱིམ་བར་གང་སར་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་འདུག་ལ། མི་རྣམས་ཀྱི་ངོ་གདོང་ནས་དགའ་སྤྲོའི་འཛུམ་མདངས་འཕྱུར་ཡོང་གི་འདུག

གྲོང་ཚོའི་ནང་འཛུལ་སྐབས། སྨི་ངོས་གྲུ་960ཡོད་པའི་ལྕགས་ཤོག་ལས་བཟོས་པའི་ཏང་དར་རི་བོའི་མདུན་དུ་འགྱིང་ངེར་བསླངས་ནས་དམར་མདངས་བཀྲ།“གསར་བརྗེའི་གཞི་རྒྱུ”དང་དགུང་སྔོན་དེ་བཞིན་སྔོ་ལྗང་རི་ཀླུང་བཅས་གྲོང་ཚོའི་རྒྱན་ཆར་གྱུར་ལ། ས་གནས་ཁག་གི་ཨང་རྟགས་འཁོད་པའི་རླངས་འཁོར་བཅུ་གྲངས་རླངས་འཁོར་འཇོག་སར་གྲལ་སྒྲིག་པོས་བཞག་ནས་འདུག

རླངས་འཁོར་ནས་བབས་ཏེ་ཧོ་ཧུང་ཀྲུང་གིས་ཚ་བོ་པང་དུ་བཏབ་ནས་ཏང་དར་གྱི་ཐང་ཆེན་དུ་བསྐྱོད། “ན་ནིང་ཟླ་10ཚེས་3ཉིན་དར་དམར་ཆེན་པོའི་མདུན་དུ་བརྒྱབ་པའི་ཚ་བོའི་པར་མི་གཞན་གྱིས་མཐོང་སྐབས་ཡག་པོ་འདུག་ཅེས་བརྗོད་ཀྱི་འདུག་པས་ད་ལོ་ང་ཚོ་སླར་ཡང་དར་དམར་མདུན་དུ་པར་རྒྱག་པར་ཡོང་བ་ཡིན”ཞེས་བཤད་བྱུང་།

2006ལོར་ཐང་ཧྲང་གྲོང་ཚོར་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ཅེས་པའི་དྲན་གསོ་ཁང་གསར་པ་བསྐྲུན་ནས་གསར་བརྗེའི་ཡུལ་སྐོར་ལས་དོན་སྤེལ་འགོ་ཚུགས་པས་ཡུལ་སྐོར་བ་ཡོང་མཁན་ཇེ་མང་དུ་སོང་སྟེ་ཉེ་རིང་གང་སར་སྐད་གྲགས་ཆོད།

“སྔོན་མ་རི་བོར་རྩི་ཤིང་མེད་ལ་མི་ཚང་མ་ནག་རིལ་ཡིན”ཐང་ཧྲང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལུའོ་ཀོང་ཚང་གིས་སྔོན་མ་གྲོང་ཚོའི་མིས་རྡོ་སོལ་སྔོག་ནས་འཚོ་བ་སྐྱེལ་གྱི་ཡོད། ད་ཆ“ནགས་ཚལ་དང་གསར་བརྗེའི་གླུ་གཞས”དེ་འཕེལ་རྒྱས་ཀྱི་དམིགས་ཚད་གསར་པ་དང་འཚོ་བའི་བྱེད་ཐབས་གསར་པར་གྱུར་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།

ཞིང་ཁྱིམ་སྒོ་རའི་ནང་ཡུལ་སྐོར་བ་མང་།

“ཉིན་ཤས་གོང་གྲོང་མིའི་སྡོད་ཁང་ཚང་མ་ཡུལ་སྐོར་བས་ཁེངས་པ་དང་ཉིན་ལྟར་དགོང་མོའི་ཆུ་ཚོད་བཅུ་གཅིག་དང་བཅུ་གཉིས་པར་ལས་ཀ་བྱས་ནས་སྡོད་ཀྱི་ཡོད། འཕེལ་རྒྱས་མགྱོགས་པོ་དེ་འདྲ་ང་ཚོའི་བསམ་ཚོད་ལས་འདས་སོང”རྒྱལ་སྟོན་གུང་གསེང་རིང་ཡུལ་སྐོར་བ་མང་བའི་རྣམ་པ་དེས་ཧན་ཀོང་ཡིང་གིས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུར་ཡིད་ཆེས་ཀྱིས་ཁེངས།

ཧན་ཀོང་ཡིང་ནི་ཧོ་ནན་ཞིན་རྫོང་ཐན་ཕུའུ་ཡུལ་ཚོ་ཐན་ཕུའུ་ཏཱ་དབན“ཕ་ཡུལ་མགྲོན་ཁང”གི་སྦྱིན་བདག་ཡིན་ཞིང་། ཧོ་ནན་ཞིན་རྫོང་དེ་ཏ་པེ་རི་བོའི་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པར་ཡོད་པ་དང་། ཐན་ཕུའུ་ཏཱ་དབན་ནི་རྫོང་གྲོང་ནས་དམག་དཔོན་ཞུས་ཧྲེ་ཡིའོ་ཡི་ཕ་ཡུལ་དུ་བསྐྱོད་སའི་ངེས་པར་དུ་བརྒྱུད་དགོས་པའི་ལམ་ཡིན་པས་ཡུལ་སྐོར་བ་མང་པོ་ཞིག་གིས་ལམ་དེ་བརྒྱུད་དགོས་ཀྱི་ཡོད།

ཡུལ་སྐོར་བ་མང་པོ་ཡོང་ཆེད། 2015ལོ་ནས་བཟུང་ཐན་ཕུའུ་ཏཱ་དབན་གྱིས་གྲོང་ཚོའི་བཀོད་པ་ལེགས་སུ་བཏང་ནས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་བཏང་བ་རེད།

ད་ཆ་ཆུ་བོ་ཤང་ཤང་དུ་རྒྱུག་པའི་ངོགས་སུ་སྡོད་ཁང་ཡོད་ལ། ལས་སྣོན་ཁང་དང་། ཇ་ཁང་། ལག་རྟགས་ཚོང་ཁང་། དེབ་ཁང་། མགྲོན་ཁང་། ཀོག་ཧྥེ་བཏུང་ས་སོགས་ཡོད་ཅིང་། རྒྱལ་སྟོན་གུང་གསེང་རིང་གྲོང་ཁྱེར་གྱི་མི་མང་པོ་དེ་གར་ཡུལ་སྐོར་བྱེད་པ་དང་ལྷམ་དང་ལྷམ་མཐིལ་སོགས་སྲོལ་རྒྱུན་ལག་ཤེས་ཐོན་རྫས་འཚེམ་ཞོར་དུ་ཞིང་ནང་གི་མཛེས་སྡུག་རྣམ་པར་རོལ་བཞིན་མཆིས།

ཧན་ཀོང་ཡིང་གིས་དགུན་དུས་ཡུལ་སྐོར་བྱེད་ཉུང་བའི་སྐབས་སུ་གྲོང་ཚོའི་གྲོང་མིའི་མགྲོན་ཁང་གི་གནས་ཚུལ་དྲ་ཐོག་ཏུ་བཀོད་དེ་ཡུལ་སྐོར་བས་སྔོན་མངགས་བྱ་རྒྱུར་སྟབས་བདེ་བསྐྲུན་རྒྱུ་དང་འབྲེལ་ཡུལ་སྐོར་བའི་ལྟོ་ཆས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུའི་འཆར་གཞི་ཡོད་ཅེས་བཤད་བྱུང་།

གྲོང་གསེབ་ཀྱི་གནའ་བོའི་གྲོང་རྡལ་གྱི་མིང་གྲགས་སླར་ཡང་གྲགས།

གནའ་གྲོང་པོ་ཡན་གྲོང་རྡལ་དེ་ཧོ་པོ་ཞིང་ཆེན་ཝུའུ་ཨན་གྲོང་ཁྱེར་གྱི་གྲོང་ལྷོར་གནས་ཡོད་ཅིང་། དེ་གར་ཆིང་རྒྱལ་རབས་ཀྱི་དུས་མཇུག་གི་སྒོ་ར་རྙིང་པ་150ལྷག་ཙམ་ཡོད། སྔོན་མ་དེ་གར“རྫོང་བརྟེན་ཚོགས་དར”གྱི་ཚོང་ལས་ཀྱི་ངོ་མཚར་གཏམ་རྒྱུད་གྲགས་ཤིང་། འོན་ཀྱང་ལོ་མང་རིང་གནའ་ཉམས་དོད་པའི་སྡོད་ཁང་རྙིང་པ་དག་ཤེས་མཁན་ཉུང་བས་ཉིན་བཞིན་སྐད་གྲགས་ཉམས།

ལོ་68ལ་སླེབས་པའི་ཞུས་ཅིའུ་ཁྲེང་མ་སྤོས་གོང་སྔོན་མ་སྡོད་སའི་སྡོད་ཁང་དེ་ཆིང་རྒྱལ་རབས་ཀྱི་དུས་མཇུག་ཏུ་བརྒྱབ་པ་ཞིག་ཡིན་ཞིང་། ལོ་ཁ་ཤས་ཕྱིན་ནས་ལྟ་བར་འགྲོ་སྐབས་རྩྭ་ངན་རིང་པོ་སྐྱེས་ནས་ཡོད།

པོ་ཡན་གྲོང་རྡལ་ཏང་ཨུ་ཧྲུའུ་ཅི་ཞིང་ཞའོ་ཧྥེ་ཡིས་ཝུའུ་ཨན་ཚོང་པའི་རྐང་རྗེས་རྒྱལ་ཡོངས་ཀྱི་ཞིང་ཆེན་18ལ་ཁྱབ་ཡོད། ཝུའུ་ཨན་ཚོང་པའི་ཚོགས་པ་མིང་གོའི་དུས་སྐབས་སུ་ཚོང་པ་1950ཙམ་ཡོད་པ་དང་ཚོང་ལས་ཀྱི་གཏམ་རྒྱུད་བརྗོད་ནས་བརྗོད་ཚར་རྒྱུ་མེད།

2018ལོའི་ཟླ་བཅུ་པར་པོ་ཡན་གྲོང་རྡལ་གྱིས་ཕུན་སུམ་ཚོགས་པའི་ཚོང་ལས་རིག་གནས་དང་། གནའ་བོའི་གྲོང་མིའི་སྡོད་ཁང་རིག་གནས། གསར་བརྗེའི་རིག་གནས་བཅས་ཀྱི་ཐོན་ཁུངས་ལ་བརྟེན་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་རྒྱུའི་བློ་ཐག་བཅད། འཛུགས་སྐྲུན་དང་ཉམས་བཟོ་བྱས་པ་བརྒྱུད་གནའ་གྲོང་འདི་ལོའི་ཟླ་དགུ་པར་དངོས་སུ་ཕྱི་ཕྱོགས་ལ་སྒོ་ཕྱེ་བ་རེད།

“ངས་ལོ་མང་ཚོང་བརྒྱབ་མྱོང་ཡང་། དེ་གར་ལོ་ངོ་སྟོང་གི་ཚོང་ལས་རིག་གནས་ཡོད་པ་ཤེས་མ་བྱུང”ཧྲི་ཅ་ཀྲོང་ནས་རླངས་འཁོར་བཏང་སྟེ་དེ་གར་ཡོང་བའི་ལི་ཁྲའོ་ཧྥན་གྱིས་དེར་ཉིན་ཁ་ཤས་བསྡད་དེ་ཝུའུ་ཨན་གྱི་ཚོང་ལས་རྣམ་པ་མྱོང་རོལ་ཡག་པོ་བྱ་རྒྱུ་ཡིན་ཞེས་བཤད།

ཡུལ་སྐོར་བ་ཚོས་དེ་གའི་རྣམ་པ་དེ་བས་མྱོང་རོལ་ཐུབ་ཆེད། གནའ་གྲོང་གི་ལོ་རྒྱུས་གཏམ་རྒྱུད་གར་སྟེགས་ཐོག་འཁྲབ་སྟོན་བྱས་པས་མིས་ཁེངས་ཡོད།།

(《མི་དམངས་ཉིན་རེའི་ཚགས་པར》གྱིས་བཏོན།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2019-10-15 —— རྒྱལ་སྟོན་གུང་གསེང་རིང་གི་གྲོང་གསེབ་ཀྱི་ཡུལ་སྐོར་རྣམ་པ་གསར་པ། 4 4 阿坝日报藏文 c92801.html 1 ཉམས་འགྱུར་ལྡན་ཞིང་ཡིད་དབང་འཕྲོག་པའི་གྲོང་གསེབ། /enpproperty-->