数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第02版:

ཕྱིའི་སྐྱེ་ཁམས་མཚར་ན་ནང་གི་ཁྱིམ་ལ་བཅུད་ཀྱིས་ཕྱུག

གཟི་རྩ་སྡེ་དགུ་རྫོང་གིས་ཁོངས་ཡོངས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཟུར་བྲིས།

རི་སྔོན་པོ་དང་ཆུ་དྭངས་མ་སྲུང་ན། གསེར་རི་དངུལ་རི་སྲུང་བ་དང་གཉིས་སུ་མ་མཆིས། ཉེ་བའི་ལོ་ཤས་རིང་། གཟི་རྩ་སྡེ་དགུ་རྫོང་གིས་ཁོངས་ཡོངས་འཕེལ་རྒྱས་དང་ལྗང་མདོག་འཕེལ་རྒྱས་ཀྱི་སྤྱིའི་འཐབ་ཇུས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། ཞན་ཆ་གསབ་པ་དང་། སྒུལ་ཤུགས་ཇེ་ཆེ། ཁྱད་ཆོས་དར་སྤེལ། ལེགས་ཆ་འདོན་སྤེལ་དང་། ཕྱོགས་ཡོངས་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་ཧུར་ཐག་གིས་གཞི་གཅིག་ཅན་དང་ལྗང་མདོག་ཅན་གྱི་སྐྱེ་ཁམས་སྤུས་ལེགས་གྲོང་ཁྱེར་བསྐྲུན་བྱུང་།

2017ལོའི་ཟླ་12ཚེས་8ཉིན་ལ། སི་ཁྲོན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་སླར་གསོ་བསྐྱར་སྐྲུན་ལ་མཛུབ་ཁྲིད་བྱས་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ《གཟི་རྩ་སྡེ་དགུའི་ས་ཡོམ་གེགས་ཁུལ་གྱི་ཚན་རིག་དང་མཐུན་པའི་བསྐྱར་སྐྲུན་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མཛེས་སྡུག་ལྡན་པའི་གཟི་རྩ་སྡེ་དགུ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བའི་སྐོར་གྱི་གཏན་འབེབས།》ལ་གྲོས་འཆམ་བྱུང་ཞིང་། གཟི་རྩ་སྡེ་དགུའི་ས་ཡོམ་གེགས་ཁུལ་ཚན་རིག་དང་མཐུན་པའི་བསྐྱར་སྐྲུན་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མཛེས་སྡུག་ལྡན་པའི་གཟི་རྩ་སྡེ་དགུ་གསར་བ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས་པ་བསྟན།

བསྐྱར་སྐྲུན་གྱི་ལས་འགན་ཆེ་གྲས་ལྔའི་ནང་། ཚན་རིག་དང་མཐུན་པའི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་ཉམས་གསོ་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ་དེ་ཨང་དང་པོར་བཞག་ཡོད། ལོ་གཉིས་ཀྱི་རིང་། གཟི་རྩ་སྡེ་དགུ་རྫོང་གི་གནོད་རྗེས་སླར་གསོ་བསྐྱར་སྐྲུན་གྱི་གོམ་སྟབས་མཚམས་འཇོག་མྱོང་མེད།

སྐྱེ་ཁམས་ཞིབ་བཤེར་གྱི་ཚད་གཞིར་མ་སླེབས་ཚེ་ཚང་མ་ལས་མགོ་འཛུགས་མི་ཆོག ཅེས་པ་བཞིན། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་རྒྱལ་ཡོངས་ཀྱི་ཁག་དང་པོའི་གསར་གཏོད་ལག་ལེན་རྟེན་གཞིའི་གྲས་ཡིན་པའི་ཆ་ནས། གཟི་རྩ་སྡེ་དགུ་རྫོང་གིས་ཆེད་དུ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཚོ་ཆུང་བཙུགས་ཏེ། ཁོར་སྲུང་དང་འཆར་འགོད། ལྗོངས་སྐོར་སོགས་ཁྱབ་ཁོངས་ཀྱི་ཆེད་མཁས་པ་68སྐོང་བསྡུ་བྱས་ནས། རྣམ་གྲངས་ཚང་མར་མཉམ་དུ་ཁྱབ་ཁོངས་འཆར་འགོད་ཞིབ་བཤེར་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཞིབ་བཤེར་བྱས་ཏེ་བསྐྱར་སྐྲུན་རྣམ་གྲངས་དེ་ཚན་རིག་དང་མཐུན་པའི་འཆར་འགོད་དང་མཐུན་པར་མ་ཟད། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་ཁོངས་ཡོངས་ལྗོངས་སྐོར་འཕེལ་རྒྱས་ཀྱི་དགོས་མཁོ་ཡང་སྐོང་ཐུབ་པ་བྱས། སྐྱེ་ཁམས་སླར་གསོ་སྲུང་སྐྱོང་གི་ཐད་ནས། སྐྱེ་ཁམས་ཁོར་ཡུག་སླར་གསོ་སྲུང་སྐྱོང་བསྐྱར་སྐྲུན་རྣམ་གྲངས་13སྔོན་ལ་ལག་བསྟར་བྱས།

ཧོང་ཧྲི་ལིའང་གི་དོམ་ཁྲའི་རྒྱུད་སྤེལ་བར་ཁྱམས་དེ་གཟི་རྩ་སྡེ་དགུ་རྫོང་ཝུའུ་ཅའོ་རང་བྱུང་སྲུང་སྐྱོང་ཁུལ་དུ་གནས་ཤིང་། ཝང་ལང་རང་བྱུང་སྲུང་སྐྱོང་ཁུལ་དང་སྦྲེལ་ཡོད་ལ། ཆིན་ལིང་དང་རྨིན་ཧྲན་རི་བོའི་རྒྱུད་ཀྱི་རྒྱུད་འདེད་སྤེལ་རེས་དང་དེ་བཞིན་འཚོ་ཁུལ་སྦྲེལ་མཐུད་བྱེད་པའི་འགག་རྩའི་ལྷུ་ཚིགས་ཤིག་ཡིན་ཡང་། “8·8”གཟི་རྩ་སྡེ་དགུའི་ས་ཡོམ་གྱི་ཤུགས་རྐྱེན་ཐེབས་པས་བར་ཁྱམས་དེའི་ནགས་སར་གཏོར་སྐྱོན་ཕོག་ནས་དོམ་ཁྲ་འཚོ་ཁུལ་གཏོར་བཤིག་ཅན་དུ་འགྱུར་ཚད་ཆེ་རུ་ཕྱིན་ལ་འཚོ་ཁུལ་གྱི་སྤུས་ཚད་དམའ་རུ་ཕྱིན་ཡོད།

གནོད་རྗེས་བསྐྱར་སྐྲུན་ཁྲོད། འབྲེལ་ཡོད་ལས་ཁུངས་ཀྱིས་རྣམ་གྲངས་ཉམས་གསོའི་ཇུས་གཞི་ཆེད་དུ་བཟོས་ཏེ། དོམ་ཁྲའི་ཁ་ཟས་གཙོ་བོ་སྨྱུག་མ་གསོ་ཚགས་སླར་གསོ་དང་གསབ་འདེབས་གསབ་སྐྲུན། ནགས་ནང་དུ་སྨྱུག་མ་འཛུགས་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཧོང་ཧྲི་ལིའང་དང་། ཧྲི་ཅ་པའོ་ནས་ཞའོ་ཧོ། ཧོང་ཧྲི་ལིའང་ནས་ཝང་པ་ཁྲུའུ་སོགས་རྒྱུད་སྤེལ་བར་ཁྱམས་3ཉམས་གསོ་བྱས་ལ། ཁྱོན་མུའུ་ཁྲི་5ཉམས་གསོ་བྱས། དེའི་ནང་། གཟི་རྩ་སྡེ་དགུའི་ཧོང་ཧྲི་ལིའང་དོམ་ཁྲའི་རྒྱུད་སྤེལ་བར་ཁྱམས་ཁུལ་དུ་གཙོ་བོ་དོམ་ཁྲའི་ཁ་ཟས་གཙོ་བོ་སྨྱུག་མ་འཛུགས་པ་དང་འཚོ་གནས་ཁུལ་མུའུ་ཁྲི་2ཉམས་གསོ་བྱས།

ན་ནིང་གི་ཟླ་དང་པོར། ས་ཡོམ་གྱི་གཏོར་སྐྱོན་ཕོག་པའི་ནགས་ས་གཙང་བཤེར་བྱེད་མགོ་ཚུགས་པ་དང་མཉམ་དུ། ས་གནས་ཀྱིས་གཏོར་སྐྱོན་ཕོག་པའི་ནགས་སར་བརྟག་དཔྱད་བྱས་ནས་ཉམས་གསོའི་ཇུས་གཞི་བཟོས་ཏེ་མི་ཐབས་ལ་བརྟེན་ནས་བཅོས་སྒྲིག་དང་རང་བྱུང་སླར་གསོ་ཟུང་འབྲེལ་བྱེད་པའི་བྱ་ཐབས་སྤྱད་དེ་ཡོམ་སྐྱོན་ཕོག་པའི་ནགས་སའི་སྔོ་ཁེབས་སླར་གསོའི་རྣམ་གྲངས་སྔོན་ལ་ལག་ལེན་བསྟར་མགོ་ཚུགས་པ་རེད།

བཅོས་སྒྲིག་བྱེད་རིང་། གཟི་རྩ་སྡེ་དགུ་ཡིས་ད་དུང་གནོད་ཐེབས་སྡེ་མི་དང་ཁྱིམ་ཚང་དབུལ་བོ་སྔོ་ཁེབས་སླར་གསོའི་རྣམ་གྲངས་ཁྲོད་དུ་ཞུགས་རྒྱུར་ཧུར་ཐག་གིས་སྐུལ་སློང་བྱས། མིག་སྔར། ལྗོངས་ཁུལ་ཕྱི་རུ་དབྱེ་བའི་ལས་གྲྭའི་ནགས་བཟོ་ཁུལ་159ཚང་མར་རྨིན་ཅང་ཤུག་པ་དང་ལེན་ཞང་སྡོང་བོ། ཧྭ་ཆིའུ། ཡུན་ཧྲན་གསོམ་ཤིང་། ཧྲུའུ་ཧྭ་སེ་སོགས་ཀྱི་སྡོང་སྨྱུག་བཙུགས་ཡོད།

སྡོམ་རྩིས་བྱས་པར་གཞིགས་ན། རྫོང་ཡོངས་སུ་ད་ཆ་སྲུང་སྐྱོང་ཁུལ་མ་ཡིན་པའི་ས་ཡོམ་གྱི་གཏོར་སྐྱོན་ཕོག་པའི་ནགས་སའི་སྔོ་ཁེབས་མུའུ་ཁྲི་1.84སླར་གསོ་དང་རྩ་ཆེའི་སྲོག་ཆགས་ཀྱི་འཚོ་གནས་བྱ་ཡུལ་མུའུ་ཁྲི་1.85ཉམས་གསོ་ཐུབ་ནས་སྐྱེ་ཁམས་ཁོར་ཡུག་གི་སྤྱིའི་སྤུས་ཚད་སྤྱིར་ན་ས་ཡོམ་མ་བརྒྱབ་གོང་གི་ཚད་ཐིག་ལ་སླེབས་ཡོད།

གནོད་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ནི་སླར་གསོ་ཁོ་ན་ཞིག་གཏན་ནས་མིན་པར། ལྷག་ཏུ་གནོད་ཁུལ་གྱི་ཐོན་ལས་གྲུབ་ཆ་བཟང་སྒྲིག་དང་། འཕེལ་རྒྱས་ཀྱི་ནུས་པ་མཐོར་གཏོང་། བོད་ཁུལ་གྱི་དམངས་འཚོ་ལེགས་སུ་གཏོང་བ་བཅས་རེད། ཁོར་ཡུག་ཤོང་ཚད་ཆུང་བ་སོགས་དངོས་ཡོད་དཀའ་ངལ་ལ་འཕྲད་པའི་གནས་ཚུལ་འོག གཟི་རྩ་སྡེ་དགུའི་དྲིན་ཚོར་མདུན་སྐྱོད་ཀྱིས་རི་ཀླུང་ཉམས་གསོ་དང་། ཁྱིམ་གཞིས་བསྐྱར་སྐྲུན། རྨང་གཞི་འཐུས་ཚང་། ཐོན་ལས་རིམ་སྤོར་བྱས་ནས། གནོད་རྗེས་སླར་གསོ་བསྐྱར་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་ཆབས་ཅིག སྤུས་ཚད་མཐོ་བའི་སྒོ་ནས་རྫོང་ཧྲིལ་པོ་དབུལ་བྲལ་ཐུབ་པ་མངོན་གྱུར་བྱུང་ཡོད།

གནོད་རྗེས་བསྐྱར་སྐྲུན་གྱི་གོ་སྐབས་སྤྱད་ནས། གཟི་རྩ་སྡེ་དགུ་རྫོང་གིས་ཁྱམས་གསུམ་ཁུལ་བཞི་ཡི་ཁོངས་ཡོངས་ལྗོངས་སྐོར་རྣམ་པ་ཧུར་ཐག་གིས་བཏོད་དེ། ཀྲུང་ཁྲ་ལུང་བ·ལུའུ་ནེང་གནས་མཆོག་དང་། ཀན་ཧའེ་ཙེ་སྐྱེ་ཁམས་རིག་གནས་ལྗོངས་སྐོར་ཁུལ། ཧྲེན་ཤན་རྫིང་བུའི་སྐྱེ་ཁམས་ཁུལ། ཝུའུ་ཅའོ་མི་རིགས་སྐྱེ་ཁམས་ལྗོངས་སྐོར་ཚོད་ལྟའི་ཁུལ་སོགས་ལྗོངས་ཁུལ་ཧུར་ཐག་གིས་འཛུགས་སྐྲུན་བྱས། དེ་དང་ཆབས་ཅིག གཟི་རྩ་སྡེ་དགུ་རྫོང་གིས་བཟའ་སྡོད་སྐྱོད་གསུམ་དང་། ལྗོངས་སྐོར་དང་ཉོ་སྒྲུབ། རོལ་རྩེད་དང་། ཚོང་གཉེར། གསོ་སྦྱོང་། སློབ་སྦྱོང་། སོས་དལ། བརྩེ་བ། ངོ་མཚར་སོགས་ཀྱི་རྒྱུ་རྐྱེན་གཙོ་བོ་12ལ་དམིགས་ཏེ། ལྗོངས་སྐོར་གྱི་རྒྱུ་རྐྱེན་གཙོ་བོ་བཀོད་སྒྲིག་དང་རིམ་སྤོར་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་བསྒྲུབས་ཏེ་གཟི་རྩ་སྡེ་དགུ་འཛམ་གླིང་རིམ་པའི་སྤྲོ་གསེང་ལྗོངས་སྐོར་བྱ་ཡུལ་དུ་ཧུར་ཐག་གིས་འགྱུར་བ་བྱས་ནས། མི་རིགས་ས་ཁུལ་གྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དབུལ་བྲལ་འགག་སྒྲོལ་གྱི་དཔེ་མཚོན་བཏོད་དེ་མང་ཚོགས་ལ་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་དུ་བཅུག་གོ།།

(གསར་འགོད་པ་བསོད་ནམས་སྐྱིད།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2019-10-15 གཟི་རྩ་སྡེ་དགུ་རྫོང་གིས་ཁོངས་ཡོངས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཟུར་བྲིས། 4 4 阿坝日报藏文 c92804.html 1 ཕྱིའི་སྐྱེ་ཁམས་མཚར་ན་ནང་གི་ཁྱིམ་ལ་བཅུད་ཀྱིས་ཕྱུག /enpproperty-->