数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第04版:

སློབ་གསོའི་རིགས་མཐུན་རོགས་སྐྱོར་གྱིས།། བྱ་གཞག་ཡར་ངོའི་ཟླ་ལྟར་འཕེལ།།

མེན་དབྱང་གྲོང་ཁྱེར་གྱིས་ཧུང་ཡོན་རྫོང་གི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་རིགས་མཐུན་རོགས་སྐྱོར་བྱས་པའི་གནས་ཚུལ་རགས་བཀོད།

ངས་འདི་ལྟ་བུའི་སློབ་གྲྭ་ལེགས་ཤོས་ཤིག་ནས་སློབ་སྦྱོང་བྱེད་ཐུབ་པ་རྨི་ལམ་དུའང་འཁོར་མ་མྱོང་། སློབ་གྲྭས་ང་ཚོ་ལ་བདག་སྐྱོང་གང་ལེགས་བྱེད་པས། ངས་རང་གི་སྟོབས་ཤུགས་ཡོད་རྒུ་རྩལ་དུ་སྤྲུགས་ནས་རང་ཉིད་སྨོན་སའི་སློབ་གྲྭ་ཆེན་མོ་དེར་རྒྱུགས་འཕྲོད་པར་བྱ་རྒྱུ་ཡིན་ཞེས། ཧུང་ཡོན་ཨ་མོས་ཡུལ་ཚོ་ནས་ཡིན་པའི་མཐོ་གཅིག་སློབ་མ་འཇམ་དབྱངས་བཀྲ་ཤིས་ཀྱིས་བཤད། ཁོ་ནི་ད་ལོར་ཧུང་ཡོན་ནས་མེན་དབྱང་གྲོང་ཁྱེར་སན་ཐའེ་རྫོང་གི་ལུའུ་ཞིའི་སློབ་འབྲིང་དུ་སློབ་གཉེར་ལ་ཐོན་པ་ཡིན་ལ། སློབ་གྲྭ་གསར་བ་དང་ཁོར་ཡུག་གསར་བ་ལ་ཁོ་རང་དགའ་སྣང་གིས་ཁེངས་འདུག

རྒྱུས་ལོན་པ་ལྟར་ན། 2012ལོའི་ཟླ་7པར་མེན་དབྱང་གྲོང་ཁྱེར་གྱིས་ཧུང་ཡོན་རྫོང་ལ་རིགས་མཐུན་རོགས་སྐྱོར་བྱས་པ་ནས་བཟུང་། མེན་དབྱང་གྲོང་ཁྱེར་གྱིས་ཧུར་ཐག་གིས་ཇུས་འགོད་དང་ཐབས་མང་མཉམ་སྤྱོད་ཀྱིས་སློབ་གསོའི་རིགས་མཐུན་རོགས་སྐྱོར་ལས་དོན་གཏིང་ཟབ་སྤེལ། བསྡོམས་རྩིས་བྱས་ན་ཧུང་ཡོན་རྫོང་གི་སློབ་མ་ཕུལ་བྱུང་90ལྷག་ལ་མེན་དབྱང་གྲོང་ཁྱེར་སན་ཐའེ་རྫོང་མིང་ལེགས་སློབ་འབྲིང་དུ་སློབ་སྦྱོང་གི་གོ་སྐབས་བསྩལ་ཞིང་། མེན་དབྱང་དང་ཧུང་ཡོན་ས་ཁུལ་གཉིས་ཀྱི་སློབ་མས་ཕན་ཚུན་རོགས་རེས་དང་མཉམ་འདྲིས་བྱེད་པའི་སློབ་སྦྱོང་སྟེགས་བུ་ཞིག་ཡིན། ད་དུང་ལོ་རེའི་དབྱར་གནང་དང་དགུན་གནང་སྐབས་སུ་ཧུང་ཡོན་རྫོང་གིས་དགེ་རྒན་དང་སློབ་མ་སྐོར་ཅིག་རྩ་འཛུགས་བྱས་ཏེ་མེན་དབྱང་གྲོང་ཁྱེར་དུ་སློབ་སྦྱོང་དུ་སོང་། ད་སྐབས། ཧུང་ཡོན་རྫོང་གིས་སློབ་མ་86མེན་དབྱང་གི་སློབ་གསོ་ཉམས་སུ་མྱོང་བར་མངགས་པས་སློབ་མ་ཚོའི་སློབ་སྦྱོང་གི་འདུན་པ་དང་བརྩོན་སེམས་སོགས་མངོན་ཇེ་དྲག་ཏུ་ཕྱིན།

2017ལོ་ནས་ད་བར་མེན་དབྱང་གྲོང་ཁྱེར་གྱིས་སྔ་རྗེས་སུ་དགེ་རྒན་ཕུལ་བྱུང་118ཧུང་ཡོན་རྫོང་གི་སློབ་གྲྭ་ཆུང་འབྲིང་ཁག་ལ་མངགས་ཤིང་། སློབ་གསོ་གཞི་རིམ་དུ་སྐྱེལ་བ་དང་། ཐུན་རྗེས་གསབ་ཁྲིད། དཔེ་སྟོན་སློབ་ཐུན་འཚོགས་པ་སོགས་སློབ་གསོའི་བྱེད་སྒོ་བརྒྱུད་དེ་ཧུང་ཡོན་རྫོང་གི་སློབ་གསོའི་ལས་དོན་གོང་འཕེལ་གཏོང་བར་རྒྱབ་སྐྱོར་དང་རོགས་རམ་གང་མང་གནང་།

དགེ་རྒན་ཞུས་ཁྲུན་ནི་ཧུང་ཡོན་དུ་ཐོན་པའི་སྐོར་གསུམ་པའི་རོགས་སྐྱོར་དགེ་རྒན་ཡིན་ལ། ཁོ་ཧུང་ཡོན་རྫོང་སློབ་འབྲིང་དུ་སླེབས་རྗེས་མཐོ་འབྲིང་ལོ་རིམ་དང་པོའི་འཛིན་གྲྭ་གཉིས་པ་དང་འཛིན་གྲྭ་གསུམ་པར་དབྱིན་ཡིག་སློབ་ཁྲིད་བྱས། ཁོའི་འཛིན་གྲྭ་དེ་གཉིས་ཀྱི་དབྱིན་ཡིག་རྒྱུགས་འབྲས་ནི་སྐབས་དེར་ཆ་སྙོམས་ཀྱི་སྐར་ཚད་20ཙམ་ཡིན་ཡང་2019ལོའི་མཐོ་རྒྱུགས་སྐབས་སློབ་མ་མང་པོས་སྐར་མ་90ཡན་བླངས་ཡོད་པས་དབྱིན་ཡིག་སྦྱངས་འབྲས་ཀྱིས་སློབ་གྲྭ་དེའི་ཟིན་ཐོ་གསར་བ་བཀོད།

མཐོ་གསུམ་འཛིན་གྲྭ་གཉིས་པའི་སློབ་མ་ཁྱུང་སྨན་མཚོ་ཡིས་རང་གི་དགེ་རྒན་ཞུས་ཁྲུན་གླེང་སྐབས། ཧ་ཅང་གུས་པ་ཆེན་པོས་བཤད་རྒྱུར། ཁོང་གི་དབྱིན་ཡིག་སློབ་ཐུན་ནི་སྤྲོ་སྣང་གིས་ཕྱུག་ཅིང་གསོན་ཉམས་ལྡན་པ་ཞིག་ཡིན། སློབ་ཁྲིད་ལ་ཉན་ཐེངས་རེ་རེར་ཉན་སྤྲོ་ཞིང་ཡིད་སེམས་མགུ་བ་ཞིག་རེད། དེ་བས་ང་ཚོ་སློབ་མ་ཚང་མ་ཁོང་ལ་དགའ་ཞེན་ཆེ་ཟེར།

མེན་དབྱང་གྲོང་ཁྱེར་གྱིས་མངགས་པའི་བོད་སྐྱོར་དགེ་རྒན་རྣམས་ཀྱིས་རང་རྫོང་གི་དགེ་རྒན་རྣམས་ལ་གསོ་སྦྱོང་ཚོགས་འདུ་བསྡུས་ཤིང་། སློབ་གསོ་སློབ་ཁྲིད་ཀྱི་ཉམས་མྱོང་གི་ཆེད་ལས་ཤེས་བྱའི་ཟབ་སྦྱོང་སོགས་མང་དུ་སྤེལ་བས་རང་རྫོང་གི་དགེ་རྒན་རྣམས་ཀྱི་ཕྱོགས་བསྡུས་བྱང་ཚད་ཀུན་ནས་ཇེ་མཐོར་གཏོང་བར་ནུས་པ་ཆེན་པོ་ཐོན་དང་འདོན་བཞིན་ཡོད། ཁོ་ཚོས་བོད་རིགས་ས་ཁུལ་གྱི་དགེ་རྒན་རྣམས་ལ་ལྟ་སྦྱོང་དཔེ་སྟོན་སློབ་ཁྲིད་བྱེད་པ་དང་། སློབ་གྲྭར་ལུགས་མཐུན་གྱི་གྲོས་གཞི་འདོན་པ་སོགས་བྱས་ཏེ་བོད་རིགས་ས་ཁུལ་གྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད་ཅེས་མེན་དབྱང་གྲོང་ཁྱེར་གྱི་ཧུང་ཡོན་རོགས་སྐྱོར་ལས་དོན་རུ་ཁག་གི་རུ་དཔོན། ཧུང་ཡོན་རྫོང་ཨུའི་རྒྱུན་ཨུ། རྫོང་དཔོན་གཞོན་པ་ཙེང་ཧྲེང་ལི་ཡིས་བཤད། མེན་དབྱང་གིས་མངགས་པའི་དགེ་རྒན་རྣམས་ཀྱི་ཁྲོད་ནས་དགེ་རྒན་7གྱིས་རང་མོས་ངང་རོགས་སྐྱོར་ལོ་ཚད་རིང་དུ་གཏོང་རྒྱུའི་རེ་ཞུ་བྱས་པ་དང་དགེ་རྒན་1གིས་ཧུང་ཡོན་དུ་ལས་ཀ་བསྒྲུབ་ཐག་བཅད།

2015ལོའི་ཟླ་11པ་ནས་2016ལོའི་ཟླ་7པའི་བར། རྔ་བ་ཁུལ་སློབ་གསོ་ཅུས་ཀྱིས་ཧུང་ཡོན་རྫོང་གི་ཕུལ་བྱུང་གི་རྐང་འཛིན་དགེ་རྒན་20མེན་དབྱང་གྲོང་ཁྱེར་གྱི་མེན་དབྱང་སློབ་འབྲིང་དང་པོ་དང་ཚོད་ལྟའི་མཐོ་རིམ་སློབ་འབྲིང་། ཕུའུ་མིང་སློབ་འབྲིང་སོགས་སྤུས་ལེགས་སློབ་གྲྭ་8དུ་མངགས་ཏེ་གསོ་སྦྱོང་བྱེད་སྒོ་སྤེལ།

ང་ཚོ་དགེ་རྒན་ཞིག་ལ་མཚོན་ན།མུ་མཐུད་དུ་སློབ་སྦྱོང་བྱེད་པ་ཤིན་ཏུ་གལ་ཆེ། ཐེངས་འདིར་ཕྱི་ཕྱོགས་སུ་སློབ་སྦྱོང་ལ་ཡོང་བས་སློབ་ཁྲིད་ཀྱི་ཉམས་མྱོང་དང་རྣམ་པ་གསར་བ་ཤེས་པར་མ་ཟད། རང་གི་ཞན་ཆ་ཡང་ངོས་ཟིན་ཞིང་སློབ་གསོ་སློབ་ཁྲིད་ཀྱི་ནུས་པ་གོང་དུ་འཕེལ་བར་བློ་སྐྱེད་བྱུང་བས། ཕྱིར་ལོག་རྗེས་གོམ་གང་མདུན་སྤོས་ཀྱིས་ཧུང་ཡོན་རྫོང་གི་སློབ་གསོའི་བྱ་གཞག་ལེགས་པར་བསྒྲུབ་རྒྱུ་ཡིན་ཞེས་གསོ་སྦྱོང་དུ་ཞུགས་པའི་དགེ་རྒན་མཱ་ཏེ་ཀྲིན་གྱིས་བཤད།

དཔྱད་ཞིབ་གདེང་འཇོག་བྱས་པ་བརྒྱུད་དེ། གསོ་སྦྱོང་དུ་ཞུགས་པའི་དགེ་རྒན་ཡོངས་ཀྱི་ཆེད་ལས་ཆུ་ཚད་དང་ཚན་རིག་ཞིབ་འཇུག་གི་ནུས་པ་སོགས་ཇེ་བཟང་དུ་ཕྱིན་པས། ཁུལ་སློབ་གསོ་ཅུས་དང་སློབ་གྲྭ་ཁག་གི་གདེང་འཇོག་ཡག་པོ་ཐོབ།

གཞན་ཡང་མེན་དབྱང་གྲོང་ཁྱེར་གྱིས་མེན་དབྱང་ཕྱི་རྒྱལ་སྐད་ཡིག་ཚོད་ལྟའི་སློབ་གྲྭ་དང་ཡན་ཐིང་སློབ་འབྲིང་། ཨན་ཀྲོའུ་སློབ་འབྲིང་། ཅང་ཡིའུ་མཐོ་རིམ་སློབ་འབྲིང་སོགས་མེན་དབྱང་གི་སྤུས་ལེགས་མིང་གྲགས་ཅན་གྱི་སློབ་གྲྭ་ཆུང་འབྲིང་22རྩ་འཛུགས་བྱས་ནས་ཧུང་ཡོན་རྫོང་གི་སློབ་གྲྭ་ཆུང་འབྲིང་ཡོངས་དང་གཅིག་གིས་གཅིག་ལ་དམིགས་པ་དང་། མང་པོས་གཅིག་ལ་དམིགས་པ་སོགས་ཀྱི་རོགས་སྐྱོར་ཚན་ཆུང་བཙུགས་ནས་སློབ་གྲྭའི་དོ་དམ་བྱེད་ཐབས་དཔྱད་བསྡུར་དང་སློབ་ཁྲིད་ཉམས་མྱོང་སྤེལ་རེས། སྤུས་ལེགས་སློབ་གསོའི་ཐོན་ཁུངས་མཉམ་སྤྱོད་སོགས་ཀྱི་བྱེད་སྒོ་མང་དུ་སྤེལ།

མེན་དབྱང་གི“དྲྭ་བ+སློབ་གསོ”ཡི་ཐོན་ཁུངས་ལེགས་པོ་ལ་བརྟེན་ནས། ཧུང་ཡོན་རྫོང་གི་དགེ་རྒན་རྣམས་ཀྱིས་དྲྭ་བ་བརྒྱུད་དེ་མེན་དབྱང་སློབ་གསོའི་ཐོན་ཁུངས་ལྟེ་གནས་སུ་ཞུགས་ཏེ། མེན་དབྱང་གི་དགེ་རྒན་རྣམ་པའི་སློབ་ཁྲིད་བརྙན་ཐུང་ལ་བལྟ་ཐུབ་པར་མ་ཟད། དེ་གའི་དགེ་རྒན་དང་མེན་དབྱང་སློབ་གསོའི་སྤྲིན་ཚོགས་ལས་སྟེགས་ནང་གི་གློག་རྡུལ་དཔེ་དེབ་ཁྲི་50ལྷག་དང་རིག་གཞུང་བརྙན་ཐུང་ཁྲི་2ལྷག རྒྱུགས་གཞི་ཁྲི་500ལྷག གཞན་སློབ་གསོ་སློབ་ཁྲིད་ཀྱི་ཡིག་ཚགས་ཁྲི་150ལྷག་གློག་རྡུལ་དུས་དེབ་400ལྷག་སོགས་སློབ་གསོའི་ཐོན་ཁུངས་ལོངས་སུ་སྤྱོད་ཐུབ་པའོ།།

(གསར་འགོད་པ་ཚེ་རིང་ལྷ་མོ། )

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2019-12-06 མེན་དབྱང་གྲོང་ཁྱེར་གྱིས་ཧུང་ཡོན་རྫོང་གི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་རིགས་མཐུན་རོགས་སྐྱོར་བྱས་པའི་གནས་ཚུལ་རགས་བཀོད། 4 4 阿坝日报藏文 c97441.html 1 སློབ་གསོའི་རིགས་མཐུན་རོགས་སྐྱོར་གྱིས།། བྱ་གཞག་ཡར་ངོའི་ཟླ་ལྟར་འཕེལ།། /enpproperty-->