数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第04版:

གུས་རྟག་བརྩོན་པ་བསྐྱེད་ཐུབ་ན།།མི་འགྲུབ་བྱ་བ་གང་ཡང་མེད།།

ཡུན་ནན་ཞིང་ཆེན་ནུའུ་ཅང་ལི་སུའུ་རིགས་རང་སྐྱོང་ཁུལ་གྱི་དབུལ་བྲལ་གནད་སྒྲོལ་གྱི་གནས་ཚུལ་རགས་བཀོད།

རྩོམ་སྒྲིག་པའི་གཏམ།

ད་ལོའི་ཟླ་4ཚེས་10ཉིན། ཡུན་ནན་ཞིང་ཆེན་ནུའུ་ཅང་ཏུའུ་ལུང་རིགས་ཀྱིས་དབུལ་ཕོངས་ཀྱི་འཚོ་བ་ལ་རྫོགས་ཚིག་བཀོད་པའི་གནས་ཚུལ་རྒྱལ་ཡོངས་སུ་ཁྱབ་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏུའུ་ལུང་གི་མི་དམངས་ལ་འཕྲིན་ཡིག་སྤྲིངས། འཕྲིན་ཡིག་ཏུ། དབུལ་བྲལ་ནི་གོམ་པ་དང་པོ་ཡིན་ཞིང་ལུས་བདེ་སེམས་སྐྱིད་ཀྱི་ལོ་ཟླ་གཞུག་ན་ཡོད། ཅེས་བསྟན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྲིངས་པའི་འཕྲིན་ཡིག་གིས་ལི་སུའུ་རིགས་རང་སྐྱོང་ཁུལ་གྱི་མི་རིགས་སོ་སོའི་མི་དམངས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་ལ་བསྙེག་པའི་ངར་སེམས་བསྐུལ་བར་མ་ཟད། དབུལ་བྲལ་གནད་སྒྲོལ་ལ་རྒྱལ་ཁ་ཐོབ་པར་ཡིད་ཆེས་དང་སྤོབས་པ་བསྩལ།

ནུའུ་ཅང་ཁུལ་གྱི་སྡེ་བ་དང་ཞིང་ཁ་རུ་སྐྱོད་པ་ན། ཐོན་ལས་དབུལ་སྐྱོར་གྱི་རྟེན་གཞི་དང་བདེ་འཇགས་ཁུལ་དུ་གནས་སྤར་བསོགས་གང་ས་གང་དུ་དབུལ་བྲལ་གནད་སྒྲོལ་གྱི་ལས་ལ་བྲེལ་བའི་ངང་ཚུལ་བཅོས་མིན་ཞིག་གིས་ཀུན་ནས་གཏམས་འདུག

དབུལ་བྲལ་གནད་སྒྲོལ་གྱི་ལམ་ཆེན་དུ་དབུལ་ཕོངས་ཀྱི་ས་ཁུལ་གཅིག་ཀྱང་བསྐྱུར་དུ་མེད་ལ། དབུལ་ཕོངས་ཀྱི་མང་ཚོགས་གཅིག་ཀྱང་སྣང་མེད་དུ་གཏོང་ག་ལ་རུང་། འདི་ནི་ཕྲག་ཏུ་བབས་པའི་འོས་འགན་ཡིན་ལ་གཟུར་དུ་མེད་པའི་འགན་འཁྲིའང་ཡིན། ཉེ་བའི་ལོ་ཤས་རིང་། ནུའུ་ཅང་ཁུལ་གྱིས་དབུལ་བྲལ་གནད་སྒྲོལ་གྱི་བྱ་གཞག་ཀུན་གྱི་རྩ་བར་བཟུང་སྟེ། ཁ་ཡོད་ལག་ཡོད་ལ་ཕན་པའི་སྲིད་ཇུས་མ་ལུས་དོན་དུ་འཁྱོལ་བས་དབུལ་བྲལ་གནད་འཁེལ་དང་དབུལ་བྲལ་གནད་སྒྲོལ་ལ་སྔར་མེད་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་བླངས།

སྤྱི་ལོ་2018ལོར། ནུའུ་ཅང་ཁུལ་གྱི་མི་གྲངས་ཁྲི་ཕྲག་3.02དབུལ་ཕོངས་ལས་ཐར་ནས་དབུལ་བོའི་ཚད་བརྒྱ་ཆ་38.14ནས་བརྒྱ་ཆ་32.5མར་ཆག སྡེ་བ་19དབུལ་ཕོངས་ཀྱི་འཚོ་བ་ལས་ཡོངས་སུ་ཐར་བ་དང་། ཏུའུ་ལུང་རིགས་ཧྲིལ་བོ་དབུལ་ཕོངས་ཀྱི་འཚོ་བ་ལས་ཉེ་བར་བཀྲོལ་ཏེ། ཁུལ་ཡོངས་ཀྱི་དབུལ་བྲལ་གནད་སྒྲོལ་གྱི་བྱ་གཞག་ལ་ཐོད་བརྒལ་རང་བཞིན་གྱི་འབྲས་བུ་སྨིན།

ཁང་བ་གྲུ་བཞིའི་ནང་གི་འཚོ་བ་སྐྱིད་པོ།

ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་ནུའུ་ཅང་ཁུལ་གྱི་མི་རིགས་མང་པོ་འགྲིམ་འགྲུལ་སྟབས་མི་ལེགས་པའི་གྲོང་རོང་དུ་འཚོ་བ་རོལ་ནས་མི་རབས་མང་པོ་འདས། གངས་རི་ར་བས་མུ་ཁྱུད་ལྟར་བསྐོར་བས་ཁོ་ཚོའི་འཕེལ་རྒྱས་ཀྱི་གོམ་མཚམས་ཤིན་ཏུ་དལ་བའི་རྐྱེན་གྱིས། བདེ་སྐྱིད་ཀྱི་འཚོ་བ་ལ་རེ་ཞིང་སྙེག་པའི་འདུན་པ་ནམ་མཁའི་སྐར་མར་རེག་པ་དང་གཉིས་སུ་མ་མཆིས།

བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པས། རི་རྒྱལ་ལྷུན་པོ་སྒུལ་མ་ཐུབ་ཀྱང་གནས་གཞན་དུ་རུ་སྤོར་བ་ཀུན་ལ་མཐོང་ཆོས་ཡིན། དེ་ལྟར། གནས་གཞན་དུ་རུ་སྤོར་བའི་དམངས་ཕན་སྲིད་ཇུས་ཀྱི་མཐུ་ལ་བརྟེན་ནས། གྲོག་རོང་དང་རི་ཁར་འཚོ་བའི་མང་ཚོགས་གཅིག་རྗེས་གཉིས་མཐུད་དུ་རི་འདབས་སོགས་སུ་གནས་སྤར།

སྡེ་མི་མི་ཅི་ཧྭ་ན་རེ། ཚེ་ལོ་བརྒྱར་སོན་ཡང་གྲོང་ཁྱེར་གྱི་མི་ནང་བཞིན་ཐོག་ཁང་དུ་འདུག་ཐུབ་པ་རྨི་ལམ་དུའང་མ་ཤར། སྔོན་ཆད། ཁྱིམ་དུ་འགྲོ་བར་ཀྱག་ཀྱོག་གི་ལམ་ཕྲན་བརྒྱུད་ནས་སྤྱི་ལེ་བཅུ་ལྷག་འགྲོ་དགོས། ད་ལྟ། རི་འདབས་སུ་གནས་སྤར་བས་སྨན་པར་བསྟེན་པ་དང་ལས་ཀ་ལས་པ། བྱིས་པ་སློབ་གྲྭ་སྐྱེལ་བ་སོགས་གང་ཐད་ནས་སྟབས་ཤིན་ཏུ་བདེ། ཞེས་གདོང་ལ་འཛུམ་དམུལ་དམུལ་གྱིས་དེ་སྐད་བཤད།

རི་བོ་མཐོ་ལ་གཟར། ལམ་བུ་དོག་ལ་ཀྱག་ཀྱོག་ཡིན། རང་བྱུང་གི་ཆ་རྐྱེན་ཤིན་ཏུ་ངན། རྨང་གཞིའི་སྒྲིག་བཀོད་ཧ་ཅང་རྗེས་ལུས་ཡིན། འགྲིམ་འགྲུལ་སྟབས་བདེ་མིན། ཐོན་ལས་མ་ལག་སྣ་རྐྱང་ཡིན། ཡོང་འབབ་ཤིན་ཏུ་དམའ་བ་སོགས་ནི་ཧྲོང་མི་ཏི་སྡེ་བ་རི་འདབས་སུ་གནས་མ་སྤར་བའི་གོང་གི་འཚོ་བའི་གནས་ཚུལ་རེད།

སྤྱི་ལོ་2018ལོའི་ཟླ་10བར། ཏང་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས། ཧྲོང་མི་ཏི་སྡེ་བའི་ཁྱིམ་ཚང་128ཀྱི་མི་གྲངས་482ལ་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་ཏེ། རི་འདབས་སུ་གནས་སྤར་ནས་རི་མགོའི་འཚོ་བ་ལས་གྲོང་ཁྱེར་གྱི་འཚོ་བ་རོལ་བའི་མགོ་བརྩམས།

སྡེ་མི་མི་ཅི་ཧྭ་ཡིས། ང་ཚོའི་དབུལ་ཕོངས་ཀྱི་ལོ་ཟླ་མཇུག་བསྒྲིལ་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་བའི་ཆེད་དུ། ཏང་དང་སྲིད་གཞུང་གིས་དཀའ་མོའི་ཚེགས་དང་དཀོན་མོའི་རྒྱུ་ཕངས་མེད་དུ་བཏང་བ་རེད། ད་ལྟ། ངེད་ཅག་ཁང་བ་གསར་བའི་ནང་དུ་བདེ་སྐྱིད་ཀྱི་འཚོ་བ་ལོངས་སུ་སྤྱོད་བཞིན་པའི་སྒང་ཡིན། ཞེས་དྲིན་ཤེས་ཀྱི་བསམ་པས་ཀུན་ནས་བསླངས་ཏེ་དེ་སྐད་བཤད།

ད་ལྟ། རྒྱལ་མོ་རྔུལ་ཆུའི་འགྲམ་ངོགས་སུ། རྩེ་མོ་དགུང་ལ་ཟུག་པའི་ཁང་བརྩེགས་ཐགས་སུ་བྲེས་ཤིང་། དབུལ་ཕོངས་མི་གྲངས་ཁྲི་ཕྲག་བཅུ་ལྷག་ལ་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས། མི་གྲངས་ཁྲི་ཕྲག་གསུམ་ལྷག་ཁང་བ་གསར་བའི་ནང་གནས་སྤོས་ཏེ། ཐོན་ལས་སོགས་གང་བརྩམས་བྱ་གཞག་ཀུན་ལ་ཤ་ཐང་ཐང་གིས་འབད་པས་ལས་ཞུགས་ཀྱི་ཕུགས་བསམ་མངོན་དུ་གྱུར།

འབྱོར་ཕྱུག་དང་སྐྱེ་ཁམས་ འཕེལ་རྒྱས་སུ་བཏང་།

ནུའུ་ཅང་ཁུལ་གྱི་ལི་སུའུ་རིགས་རང་སྐྱོང་ཁུལ་ནི་ཡུན་ནན་དང་ཐ་ན་རྒྱལ་ཡོངས་ཀྱི་དབུལ་ཕོངས་ཆེས་མང་བའི་ས་ཁུལ་ཡིན། རྒྱལ་ཡོངས་མི་དམངས་དང་ལྷན་དུ་སྤྱི་ཚོགས་འབྱོར་འབྲིང་ཇི་ལྟར་མངོན་འགྱུར་བྱ་དགོས་སམ། གནས་འདི་ནི་གཙང་གསུམ་འབབ་ཡུལ་ཡིན་ལ། སྐྱེ་དངོས་དང་སྲོག་ཆགས་ཀྱི་ཕ་སའང་ཡིན། གནས་འདིའི་ཐུན་མིན་གྱི་རང་བྱུང་གི་ཐོན་ཁུངས་སྣ་ཚོགས་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་རྒྱུ་ནི་དངོས་ཡོད་གནས་ཚུལ་ཡིན་ལ་ཡང་དག་པའི་གདམས་ཀའང་ཡིན།

ཉེ་བའི་ལོ་ཤས་རིང་། ནུའུ་ཅང་ཁུལ་གྱིས་རང་བྱུང་གི་ཐོན་ཁུངས་ལ་བརྟེན་ནས་སྔོ་ལྗང་གི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཐབས་ལམ་སྤྱད་དེ། སྐྱེ་ཁམས་ཐོན་ལས་ནི་དབུལ་བྲལ་གནད་སྒྲོལ་གྱི་བྱེད་ཐབས་གཙོ་བོར་བཟུང་། དེ་ལྟར་དུས་ཚོད་ཀྱི་འགྲོས་དང་བསྟུན་ནས། དབུལ་བྲལ་གནད་སྒྲོལ་དང་གྲོང་གསེབ་དར་རྒྱས་བཅས་ལ་གཡུར་དུ་ཟ་བའི་འབྲས་བཟང་སྨིན།

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་དབུལ་བྲལ་གནད་སྒྲོལ་གཉིས་ཆུ་ལ་ཆུ་བཞག་པ་ལྟར་འཕེལ་རྒྱས་སུ་བཏང་བ་ནི། ནུའུ་ཅང་ཁུལ་གྱི་དབུལ་བྲལ་ཕྱུག་འགྱུར་གྱི་འཕྲལ་ཕུགས་གཉིས་ཀའི་ཐབས་ལམ་ཡིན་པར་མ་ཟད། མང་ཚོགས་ཀྱི་འཚོ་བ་འབྱོར་ཕྱུག་རྒྱས་ཤིང་སྐྱེ་ཁམས་ཁོར་ཡུག་ལྟ་ན་སྡུག་པའི་ཐབས་མཆོག་ཀྱང་ཡིན།

ནུའུ་ཅང་གི་མི་གྲངས་ཁྲི་ཕྲག་10ལྷག་དབུལ་བྲལ་ཕྱུག་འགྱུར་བྱ་དགོས་ན་ངེས་པར་དུ་ཞིང་ལས་ཐོན་ལས་ལ་བརྟེན་དགོས། དེས་ན། དེང་རབས་ཅན་གྱི་ཞིང་ལས་འཕེལ་རྒྱས་སུ་བཏང་ནས་མང་ཚོགས་ཀྱི་ཡོང་འབབ་ཇི་ལྟར་འཕར་དགོས་སམ། ཉེ་བའི་ལོ་འདི་དག་གི་རིང་། ནུའུ་ཅང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཀ་ཀོ་ལའི་ཐོན་ལས་རོགས་སྐྱོར་གྱི་ལས་གཞིའི་རྣམ་གྲངས་གཙོ་གནད་དུ་བཟུང་སྟེ། ཁོད་ཡངས་པའི་ས་ཞིང་དུ་ཀ་ཀོ་ལ་བཏབ་ནས་མང་ཚོགས་ཀྱི་ཡོང་འབབ་ཡར་ངོའི་ཟླ་ལྟར་གོང་ནས་གོང་དུ་འཕེལ། སྤྱི་ལོ་2018ལོའི་ལོ་མཇུག་ཏུ། ཀ་ཀོ་ལ་འདེབས་སའི་ས་ཞིང་མུའུ་ཁྲི་130ལྷག་ཡོད། ཀ་ཀོ་ལའི་སྤྱིའི་ཐོན་ཚད་ཏུའུ་ཁྲི་3.34ཡོད་པས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་5.3ཡོད། དེ་ལྟར་ཀ་ཀོ་ལའི་ཐོན་ལས་ལ་བརྟེན་ནས་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་དབུལ་ཕོངས་མི་གྲངས་ཁྲི་3.787ལྷག་ཡིན།

གུས་རྟག་བརྩོན་པ་བསྐྱེད་ཐུབ་ན།།མི་འགྲུབ་བྱ་བ་གང་ཡང་མེད།།དབུལ་བྲལ་གནད་སྒྲོལ་གྱི་ལམ་བར་དུ། ནུའུ་ཅང་གི་འགོ་ཁྲིད་དང་མང་ཚོགས་ཀུན་གྱིས་མཐུན་པའི་ཨ་ལོང་གཅིག་ཏུ་བསྒྲིལ་ནས། གང་བརྩམས་ལས་ལ་ཤ་ཐང་ཐང་གིས་འབད་པས་སྤྱི་ཚོགས་འབྱོར་འབྲིང་ཕྱོགས་ཡོངས་ནས་མངོན་འགྱུར་བྱེད་པར་གདོན་མི་ཟའོ།།

ས་ཁུལ་གྱི་ཡིག་ཚགས།

ནུའུ་ཅང་ཁུལ་ནི་རྒྱལ་ཡོངས་ཀྱི་ལི་སུའུ་རིགས་རང་སྐྱོང་ཁུལ་གཅིག་པུ་ཡིན་པ་དང་། ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་1.47ཡོད། བྱང་ཕྱོགས་བོད་ལྗོངས་དང་འབྲེལ་ཞིང་ནུབ་ཕྱོགས་འབར་མ་དང་འབྲེལ། དབུལ་ཕོངས་ཀྱི་ཁྱིམ་ཚང་ཤིན་ཏུ་མང་། མི་གྲངས་ཁྲི་55.3ཡོད། གནས་འདིར་གཙང་གསུམ་དལ་གྱིས་རྒྱང་རིང་གི་ཕྱོགས་སུ་བཞུར་གྱིན་ཡོད། རང་བྱུང་གི་ཐོན་ཁུངས་ཕུན་སུམ་ཚོགས།

མཐའ་མཚམས་བརྟན་བརླིང་། མི་རིགས་མཐུན་སྒྲིལ། ཁུལ་ཡོངས་སུ་རྒྱལ་མཚམས་ཀྱི་རིང་ཚད་སྤྱི་ལེ་45ཡོད་པ་དང་། ཀྲུང་གོ་དང་འབར་མའི་རྒྱལ་མཚམས་ཀྱི་རིང་ཚད་བརྒྱ་ཆ་22.3ཟིན། གནས་འདིར་ལི་སུའུ་དང་ནུའུ། ཕུའུ་སྨི། ཏུའུ་ལུང་སོགས་ཀྱི་མི་རིགས་མང་པོ་ཡོད་པས་གྲངས་ཉུང་མི་རིགས་ཀྱི་མི་འབོར་གྱིས་སྤྱིའི་མི་གྲངས་ལས་བརྒྱ་ཆ་93.6ཟིན་ཡོད།

ཁུལ་ཡོངས་སུ་དབུལ་ཕོངས་སྡེ་བ་249ཡོད་པ་དང་། ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་དབུལ་ཕོངས་མི་གྲངས་ཀྱིས་བརྒྱ་ཆ་32.52ཟིན། ཡིན་ནའང་། ནུའུ་ཅང་གི་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་སྐྱེ་ཁམས་ཤིན་ཏུ་བཟང་། ལྷག་པར་དུ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནུའུ་ཅང་གི་འཕེལ་རྒྱས་ལ་མཛུབ་མོ་རི་སྟོན་དང་ཐུགས་ཁུར་བླ་མེད་བྱས། ཀྲུའུ་ཞི་ཝང་དབྱང་ནུའུ་ཅང་ལ་ཐེངས་གཉིས་ཕེབས་ནས་མཛུབ་སྟོན་གལ་ཆེན་གནང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ནུའུ་ཅང་གི་འཕེལ་རྒྱས་ཐད་ལ་སྲིད་ཇུས་རབ་དང་རིམ་པ་བཏོན་པས། ཁུལ་ཡོངས་ཀྱི་མི་རིགས་སོ་སོར་དབུལ་བྲལ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་དངོས་ཤུགས་བརྒྱུད་གསུམ་ནས་རོགས་རམ་བླ་མེད་བྱས་སོ།།

རྒྱལ་ཁམས་བལྟ་བའི་མེ་ལོང་གི་ཚན་ཆུང་གསུམ་པའི་གསར་འགོད་པ་ཀོ་དོ་མཁན་པོ་དང་དབང་མོ། མགོན་པོ་བཀྲ་ཤིས།ཡོན་ནཱ།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2020-01-21 ཡུན་ནན་ཞིང་ཆེན་ནུའུ་ཅང་ལི་སུའུ་རིགས་རང་སྐྱོང་ཁུལ་གྱི་དབུལ་བྲལ་གནད་སྒྲོལ་གྱི་གནས་ཚུལ་རགས་བཀོད། 4 4 阿坝日报藏文 c99101.html 1 གུས་རྟག་བརྩོན་པ་བསྐྱེད་ཐུབ་ན།།མི་འགྲུབ་བྱ་བ་གང་ཡང་མེད།། /enpproperty-->