数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第04版:

སྤྱང་ཀིས་ནོར་གནག་300བསད།།སྤྱང་ ཚོགས་བདའ་བའི་རུ་དཔུང་ཐོན།།

ངེད་གསར་འགྱུར་གྱི་གསར་བཀོད།མཚོ་ངོས་ལས་མཐོ་ཚད་སྨི་4000ལྷག་ཡོད་པའི་རི་སྒང་ལུང་གཞུང་དུ་ཉིན་གཉིས་ཀྱི་རིང་ལ་སྤྱང་ཀི་བདས་ཏེ། ཟླ་3ཚེས་25ཉིན་གྱི་ཕྱི་དྲོར། ད་གཟོད་སྤྱང་བདའ་རུ་དཔུང་གི་རུ་མི་12རྫོང་འབུར་ཡུལ་ཚོར་འབྱོར་སོང་། རྫོང་འབུར་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཁྲུང་ཀྲོའུ་བོད་སྐྱོར་ལས་བྱེད་པ་ཧོ་ཞིན་གྱིས་ཉིན་འདི་ཚོར། ང་ཚོར་སྤྱང་ཀིས་ནོར་གནག་བསད་པའི་གནས་ཚུལ་གཏུག་མཁན་མེད་ཀི་ཞེས་གསར་འགོད་པར་བཤད་བྱུང་། ཕལ་ཆེར་ཟླ་ཕྱེད་རིང་ལ་སྤྱང་ཚོགས་གར་ཡོད་འཚོལ་ཞིབ་དང་བདའ་འདེད་བྱས་པས། ད་ལྟ་ཕལ་ཆེར་སྤྱང་ཚོགས་ཀྱི་གྲིབ་གཟུགས་ཙམ་ཡང་མཐོང་རྒྱུ་མེད།

རྒྱུས་ལོན་ལྟར་ན། ན་ནིང་གི་ལོ་མཇུག་ནས་དགུན་ཟླ་དུ་མའི་རིང་། འབར་ཁམས་གྲོང་ཁྱེར་རྫོང་འབུར་ཡུལ་ཚོའི་རྩེ་ལའི་སྒང་སྡེ་བ་དང་མཛོ་ཁུག་སྡེ་བའི་ནོར་གནག་སྤྱང་ཚོགས་ཀྱིས་མང་དུ་བསད་འདུག་སྟེ། དེ་ལས་རྩེ་ལའི་སྒང་སྡེ་བར་ནོར་གནག་20སྤྱང་ཚོགས་ཀྱིས་བསད་ཡོད་ལ། མཛོ་ཁུག་སྡེ་བར་ནོར་གནག་300ལྷག་སྤྱང་ཚོགས་ཀྱིས་བསད་ཡོད།

མཛོ་ཁུག་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་ཐོགས་མེད་ལྷས་ད་ལོར་སྤྱང་ཚོགས་ཀྱི་འཇབ་རྒོལ་ཤིན་ཏུ་རྒོད་ཀི། སྔོན་ཆད་དང་བསྡུར་ན་རྒྱུན་ལྡན་ཞིག་མ་རེད། སྤྱང་ཚོགས་རི་ལས་བབས་ཏེ་མཚན་ཐུན་གཅིག་གི་ཡུན་ལ་ནོར་གནག་དྲུག་བདུན་རེ་བསད་འགྲོ་ལ། མང་ཆེ་བ་འབྲི་དང་ཡ་རུ་ཡིན་ལ། ཤ་འགྲངས་ཚོད་རེ་ཟོས་རྗེས་བྲོས་འགྲོ་བ་དང་། དེ་ནས་ཉིན་དུ་མ་འགོར་རྗེས་སླར་ཡང་ཐོན་ནས་ནོར་གནག་འགའ་བསད་འགྲོ་ཞེས་བཤད་བྱུང་། འབྲོག་ཁྱིམ་རེར་སྤྱང་ཀིས་ནོར་གནག་20ལྷག་བསད་པའང་ཡོད། འབྲོག་ཁྱིམ་རེ་རེས་ནོར་གནག་གི་འགན་བཅོལ་ཉོས་ཡོད་པས། ནོར་གནག་རེའི་སྐྱིན་གསབ་ལ་སྒོར་2000ཙམ་ལེན་རྒྱུ་ཡོད་ཀྱང་འབྲོག་པ་རྣམས་ཀྱི་གྱོང་གུད་ཅིག་མ་ཡིན་ནམ།

མཛོ་ཁུག་སྡེ་བ་ནི་རྫོང་འབུར་ཡུལ་ཚོའི་འབྲོག་སྡེ་གཅིག་པུ་ཡིན་ལ། མཚོ་ངོས་ལས་མཐོ་ཚད་ཆ་སྙོམས་སྨི་3800ཡོད་ཅིང་། འབྲོག་སྡེ་དེར་འབྲོག་ཁྱིམ་113དང་འབྲོག་པ་567ཡོད། ནོར་གནག་ཁྲི་གཅིག་ལྷག་འཚོ་སྐྱོང་བྱེད་བཞིན་ཡོད་པས། འབྲོག་པ་རྣམས་ཀྱི་ཡོང་འབབ་ཀྱི་འབྱུང་ཁུངས་གཙོ་བོ་ནོར་གནག་ཡིན་པས། སྤྱང་ཚོགས་ཀྱིས་ནོར་གནག་བསད་ན་འབྲོག་པ་རྣམས་ལ་གྱོང་གུད་ཤིན་ཏུ་ཆེ།

ཧོ་ཞིན་གྱིས་ཟླ་སྔོན་མའི་ཟླ་མཇུག་ཏུ། ང་ཚོར་ཡར་ཞུ་འབྱོར་རྗེས། འདྲི་རྩད་དང་བརྟག་དཔྱད་བྱས་པ་ན། སྤྱང་ཚོགས་ཁག་3དང་སྤྱང་ཀི་30ཙམ་ཡོད་པ་ཤེས་བྱུང་ཞེས་བཤད། འབར་ཁམས་གྲོང་ཁྱེར་ནགས་ཚལ་རྩྭ་ཐང་ཅུས་ཀྱིས་ཆོག་མཆན་བཀོད་རྗེས། ཡུལ་ཚོས་མི་དམངས་ཉེན་རྟོག་པ་དང་སྨན་པ་སོགས་མི་སྣ་12ཀྱིས་གྲུབ་པའི་སྤྱང་བདའ་རུ་དཔུང་བཙུགས་ཏེ། སྐོར་ཞིབ་དང་བོའུ་འཕེན་པ། ཤོག་སྦག་གད་པ་སོགས་ལ་བརྟེན་ནས་ནོར་གནག་གསོད་པའི་སྤྱང་ཚོགས་མཐའ་རུ་བསྐྲད་ཅི་ཐུབ་བྱས། སྤྱང་ཚོགས་བདའ་འདེད་ལ་ཞུགས་པའི་རྫོང་འབུར་མངག་གཏོང་ཁང་གི་མཛུབ་སྟོན་པ་ཀྲུའུ་ཧོང་གིས་སྤྱང་ཀིའི་ཚོར་བ་ཤིན་ཏུ་སྐྱེན་པོ་འདུག་ལ། ད་དུང་སོ་ལྟ་བྱེད་མཁན་ཡང་ཡོད་ཀི། མི་དང་རླངས་འཁོར་མཐོང་མ་ཐག རྒྱང་བསྐོར་ནས་བྲོས་འགྲོ་བས་སྤྱང་ཚོགས་བདའ་བར་དཀའ་ངལ་མི་ཉུང་བ་ཞིག་འདུག་ཅེས་བཤད་བྱུང་། སྤྱང་ཚོགས་དང་མཉམ་དུ་རིག་པ་འགྲན་པ་བཞིན་ལྟ་ཞིབ་དང་བརྟག་དཔྱད་བྱས་པ་ན། སྤྱང་ཚོགས་ཀྱི་འགྲོ་འོང་དང་ལམ་རྒྱུད་སོགས་ལ་རྒྱུས་ངེས་ཅན་ཞིག་ལོན་ཡོད། སྤྱང་ཚོགས་དེ་ཕལ་ཆེར་ཉིན་རེའི་དུས་ཚོད་17ནས་21བར་མཛོ་ཁུག་རི་བོ་ནས་བབས་ཏེ་ལྷས་ར་ཡི་ནོར་གནག་ལ་འཇབ་རྒོལ་བྱས་རྗེས། ཕྱི་ཉིན་ཞོགས་པའི་དུས་ཚོད་6ནས་9བར་ཕྱིར་མཛོ་ཁུག་རི་བོར་ལོག་འགྲོ། འབར་སྡེ་ལུང་བ་དང་རྫ་མགོ་ཐང་ནི་སྤྱང་ཚོགས་འགྲོ་འོང་བྱེད་པའི་གནས་གཙོ་བོ་གཉིས་རེད།

དེ་ལྟར་གནས་ཚུལ་ཁོང་དུ་ཆུད་པས། རྫོང་འབུར་ཡུལ་ཚོའི་སྤྱང་བདའ་རུ་དཔུང་གི་རུ་མི་རྣམས་ཁག་གཉིས་སུ་བགོས་ཏེ། ཙག་རླུང་རྩམ་སྐྱ་འགམ་འགམ་བྱས་ཏེ་རླངས་འཁོར་བསྐོར་བའམ་རྐང་ཐང་དུ་སོང་སྟེ། སྤྱང་ཚོགས་འགྲོ་འོང་མང་ས་ནས་བསྒུགས་ཏེ་སྤྱང་ཀི་མཐོང་མ་ཐག བོའུ་འཕེན་པ་དང་ཤོག་སྦག་གད་དེ་སྤྱང་ཀི་རྒྱང་དུ་བསྐྲད་པས། འབྲོག་པ་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱས་པས། མིག་སྔར། ཡུལ་དེར་སྤྱང་ཀིས་ནོར་གནག་བསད་པའི་གནས་ཚུལ་བྱུང་མེད་པར་ཚོད་འཛིན་ཐུབ་ཡོད།།

(གསར་འགོད་པ་རྡོ་རྗེ་དཔལ།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2020-03-31 4 4 阿坝日报藏文 c106729.html 1 སྤྱང་ཀིས་ནོར་གནག་300བསད།།སྤྱང་ ཚོགས་བདའ་བའི་རུ་དཔུང་ཐོན།། /enpproperty-->