数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第04版:

དགོན་ པ་ གཅིག་ ལེགས་ པར་ སྐྱོང་།། ཁྱིམ་ ཚང་ ཁྲི་ སྲུང་ བར་ བྱེད།།

རྔ་བ་ཁུལ་ཀིརྟི་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་དང་ཨུ་ཡོན་དགེ་འདུན་པ་རྣམས་ཀྱི་རིམས་འགོག་གི་གནས་ཚུལ་ཟུར་བྲིས།

བཀའ་དྲིན་ཆེ། དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་དང་ཨུ་ཡོན་དགེ་འདུན་པ་རྣམས་ཀྱིས་དཀའ་བའི་ལས་ཕྲག་ཏུ་འཁུར་ཅིང་། ངལ་གསོ་ཡི་གོ་སྐབས་རྒྱང་དུ་དོར་ནས། མ་བསྐུལ་དང་བླངས་དང་ཚན་རིག་ལྟར་དུ་རིམས་ནད་སྔོན་འགོག་བྱས་ཤིང་། གདུང་མ་ཚང་མས་བཏེགས་ན་ཡང་བའི་དཔེ་བཞིན་དུ་ཀུན་གྱིས་མཉམ་རུབ་སྒོས་རིམས་འགོག་ལ་བརྩོན་པ་བགྱིས་ཏེ། དགོན་པའི་རིམས་འགོག་གི་བྱ་བར་ཆད་ལྷག་ཅི་ཡང་བྱུང་མེད་པས། ང་ཚོར་བདེ་འཇགས་དང་སོས་དལ་བག་ཕེབས་ཀྱི་སློབ་གཉེར་ཁོར་ཡུག་ཅིག་བསྐྲུན་ཡོད། བཀའ་དྲིན་ཤིན་ཏུ་ཆེའོ་ཞེས་པ་ནི། རྔ་བའི་ཀིརྟི་དགོན་གྱི་བླ་སྤྲུལ་དང་དགེ་འདུན་པ་རྣམས་ཀྱིས་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་དང་ཨུ་ཡོན་དགེ་འདུན་པར་ཕུལ་བའི་གདེང་འཇོག་ཅིག་ཡིན་ལ། རིམས་འགོག་སྐབས་སུ་དགོན་པའི་ཁོ་ར་ཁོར་ཡུག་སྲུང་སྐྱོང་ལ་ཉིན་མཚན་རིས་མེད་དུ་བརྩོན་མཁན་དག་ལ་ཕུལ་བའི་བཀའ་དྲིན་ཞུ་ཚིག་ཅིག་ཀྱང་ཡིན།

ལོ་གསར་རྙིང་གཉིས་ཀྱི་དུས་མཚམས་ཤིག་དང་དགུན་དཔྱིད་ཀྱི་གྲང་ངར་ལྡང་བའི་དུས་ཤིག་སྟེ། ལྕགས་ཕོ་བྱི་ལོའི་ལོ་སར་ལ་དགྱེས་བར་རོལ་བའི་སྐབས་དེར། ཏོག་གསར་གློ་ཚད་ཅེས་པའི་རིམས་ནད་ཅིག་རྩྭ་ཐང་དུ་མེ་ཤོར་བ་དང་ཤོག་བུ་སྣུམ་གྱིས་ཟིན་པ་ལྟར། སྐད་ཅིག་ཙམ་དུ་རྒྱལ་ཡོངས་ཀྱི་ཡུལ་གྲུ་ཀུན་ལ་ཁྱབ་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ལ་འཇིགས་སྐུལ་ཆེན་པོ་ཐེབས་ཏེ། མདའ་བོའུ་མེད་པའི་རིམས་ནད་སྔོན་འགོག་གི་གཡུལ་འགྱེད་ཅིག་ཀུན་ནས་བསླངས།

སྙིང་སྟོབས་ཀྱི་དར་ཆ་བསྒྲེངས།།

རིམས་འགོག་གི་གཡུལ་ལ་ཞུགས།།

སྙིང་སྟོབས་དང་དཔའ་ངར་ལྡན་ན། དོན་དག་ཅི་ལ་འཕྲད་ཀྱང་དཀའ་བ་མེད། རིམས་ནད་ཀྱི་གནས་ཚུལ་ཚབས་ཆེ་བར་དམིགས་ནས། རྔ་བ་ཁུལ་ཀིརྟི་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གིས་རིམས་ནད་ནི་བཀའ་ཡིན། སྔོན་འགོག་ནི་འགན་ཡིན་ཞེས་པའི་བསམ་པ་དྲག་པོར་བསྐྱེད་དེ། རིམ་པ་སོ་སོའི་ཏང་ཨུའི་བླང་བྱ་ལྟར། རིམས་ནད་སྔོན་འགོག་ལས་ཀ་བཀོད་སྒྲིག་ཚོགས་འདུ་འཕྲལ་མར་འཚོགས་ཏེ། དུས་ཐོག་ཏུ་ལས་བྱེད་པ་རྩ་འཛུགས་བྱས་ཤིང་རིམས་ནད་སྔོན་འགོག་གི་ལས་ལ་ཞུགས། དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་དང་ཨུ་ཡོན་དགེ་འདུན་པ་རྣམས་ཀྱིས་སེམས་ཐག་གོར་མོ་རྡོ་བཞིན་བཅད་ཅིང་ངལ་གསོ་ཡི་གོ་སྐབས་རྒྱང་དུ་དོར་བ་དང་། འཇིགས་སྣང་སྤུ་ཙམ་ཡང་མ་སྐྱེས་པར་དོ་དམ་ཨུ་ཡོན་ལྷན་ཁང་གི་ཏང་ཨུའི་གཅིག་གྱུར་གྱི་བཀོད་འདོམས་འོག དགོན་པའི་རིམས་འགོག་གི་འཐབ་ར་དངོས་སུ་དཔུང་བ་མཉམ་གཤིབ་ཀྱིས་མདུན་མཆོང་གི་གོམ་སྟབས་བརྟན་པོར་སྤོས་བྱུང་།

རང་ས་སྲུང་འགན་རང་ལ་ཡོད།། རང་ས་སྲུང་འགན་གཙང་མར་ཁུར།། རིམས་ནད་བྱུང་ནས་ཟླ་བཞི་ཡི་རིང་། དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་དང་གྲྭ་བཙུན་ཨུ་ཡོན་རྣམས་ཀྱིས་དཀའ་བ་ཁྲི་ཕྲག་བསལ་ཞིང་མཐུན་སྒྲིལ་གྱི་ལག་རྡང་སྦྲེལ་ནས་གཡུལ་འགྱེད་ལ་ཞུགས། དཀའ་ཚེགས་ཆེ་བའི་ལས་འདི་ཉིན་བཞིན་བསྐྱར་ཟློས་ལྟ་བུ་ཞིག་ཡིན་ཡང་ཚད་གཞི་མཐོ་ལ་བླང་བྱ་ནན་པོ་བཏོན་ཡོད་པས། སུ་ལའང་འཁང་ར་སྤུ་ཙམ་ཡང་སྐྱེས་མ་མྱོང་། ཁོ་ཚོས་དགེ་འདུན་པ་དག་བྱམས་ཀྱིས་བསྐྱངས་ཤིང་དགོན་པ་ཡིད་ལ་བཅངས་ཏེ། དུས་ཆད་ལྟར་ལས་བྱེད་པ་དང་མཉམ་དུ་དགོན་པའི་རིམས་འགོག་གི་ལས་ཀར་བགྲོ་གླེང་བྱས་ཏེ། ནད་དུག་མི་ཁྱེར་བ་དང་ནད་དུག་མི་འགོ་བ་མཐའ་གཅིག་ཏུ་འགན་བླངས་ཡོད།

ཨུ་ཡོན་དགེ་འདུན་པ་སྨོན་ལམ་གྱིས་ཏང་ཨུ་དང་སྲིད་གཞུང་གིས་ང་ཚོར་མཐོང་ཆེན་མཛད་པར་མ་ཟད། དགེ་འདུན་པ་རྣམས་ཀྱིས་ང་ཚོར་ཡིད་ཆེས་བརྟན་པོ་འཆང་ཡོད་པས། རིམས་འགོག་གི་འཐབ་ར་དངོས་སྲུང་སྐྱོང་གི་འགན་འདི་ང་ཚོའི་ཕྲག་ལ་ལེན་ཆོག་ཆོག་ཅིག་རེད་ཅེས་བཤད།

བྱེད་ཐབས་གོ་ཆོད་ཅིང་།།

བབ་བསྟུན་གཟབ་ཅིང་ནན།།

རིམས་ནད་སྔོན་འགོག་གི་གཡུལ་འགྱེད་ལས་རྣམ་པར་རྒྱལ་ཆེད། ཀིརྟི་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གིས་དོ་དམ་དམ་པོར་བསྒྲུབས་ཏེ། འདུ་ཚོགས་དང་འགྲོ་འོང་། ལོགས་བཀར་བཅས་ཀྱི་འགོག་རྫོང་བརྟན་པོར་བཙུགས། འགན་ལེན་ཞིབ་མོར་བསྒྲུབས་ཏེ། སྡོད་གནས་དང་མི་སྣ་ཡི་བདེ་འཇགས་བརྟན་པོར་བསྲུངས། སྒྲོག་ཁྲིད་བརྟན་པོར་སྤེལ་ནས་རིམས་འགོག་ལ་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ་དང་བསམ་ཕྱོགས་མཐུན་པར་བྱས་ཡོད།

གོང་རིམ་ལས་ཁུངས་ཀྱི་བླང་བྱ་དང་དགོན་པའི་གནས་ཚུལ་དངོས་ལ་འབྲེལ་ནས། ལས་བྱེད་པ་དང་ཨུ་ཡོན་དགེ་འདུན་པ་རྣམས་ཚན་ཆུང་གསུམ་དུ་བགོས་ཡོད་དེ། གཅིག་ནི་སྒོ་སྲུང་ལས་རེས་ཚན་ཆུང་ཡིན། དེས་ལྷོ་སྒོ་སྲུང་བའི་ལས་རེས་ཀྱི་འགན་འཁུར་ནས། འགྲོ་འོང་གི་མི་སྣར་ཐོ་འགོད་དང་དུག་སེལ། ལུས་ཀྱི་དྲོད་ཚད་ལ་བརྟག་བཤེར་བྱས་པ། གཉིས་ནི་གཙོ་གནད་ཁོར་ཡུག་གི་སྐོར་ཞིབ་ཚན་ཆུང་ཡིན། དེས་ཉིན་རེ་བཞིན་དགོན་པའི་གླིང་བར་གྱི་སྤྱི་སྤྱོད་ཁོར་ཡུག་ལ་སྐོར་ཞིབ་བྱས་ཏེ། དད་ལྡན་མང་ཚོགས་ལ་གནས་སྐབས་སུ་དགོན་པར་མཇལ་སྐོར་བྱེད་མཚམས་བཞག་པ་ཁྲིད་སྟོན་བྱེད་པའི་འགན་ཁུར་ཡོད། གསུམ་ནི་སྒྲོག་འགྲེལ་ཚན་ཆུང་ཡིན། ཚན་ཆུང་དེ་གྲྭ་ཁང་རེ་རེར་སོང་ནས་དགེ་འདུན་པ་རྣམས་ལ་རིམས་ནད་སྔོན་འགོག་གི་ཤེས་བྱ་སྒྲོག་འགྲེལ་དང་། གྲྭ་བཙུན་རེ་རེའི་ལུས་ཁམས་ཀྱི་བདེ་ཐང་དང་ཉེ་སྔོན་འགྲོ་འདུག་གི་གནས་ཚུལ་ཀུན་ནས་རྒྱུས་ལེན་བྱས།

དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་དང་ཨུ་ཡོན་དགེ་འདུན་པ་རྣམས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ། ལས་དོན་རེ་རེ་བདེ་བླག་ངང་སྤེལ་ནས་རིམས་འགོག་ཀུན་ལ་ཁེབས་པ་རྣམ་གསུམ་ལེགས་པར་འགྲུབ་ཡོད། དེ་ནི་ཁ་རས་བགོ་འགྲེམ་ཀུན་ལ་ཁེབས་པ་དང་སྡོད་གནས་དུག་སེལ་ཀུན་ལ་ཁེབས་པ། རིམས་འགོག་དྲིལ་སྒྲོག་ཀུན་ལ་ཁེབས་པ་བཅས་ཡིན།

ཨུ་ཡོན་སྐལ་བཟང་བསོད་ནམས་ཀྱིས་ད་ཐེངས་ཀྱི་རིམས་ནད་འདི་འགོ་རྒྱ་ཆེ་ཞིང་མགྱོགས་པས་ང་ཚོས་སུན་སྣང་སྤུ་ཙམ་མེད་པའི་སྒོ་ནས་ལས་ཀ་ཞིབ་ཅིང་ཕྲ་བར་བསྒྲུབ་ན། ད་གཟོད་ནད་དུག་དེ་རྩ་བ་ནས་འགོག་ཐུབ་ངེས་ཞེས་བཤད།

དྲིལ་སྒྲོག་རྒྱ་ཆེར་སྤེལ།།

ཕྱར་བ་གྲུ་འདེགས་འཁྱོངས།།

《རྔ་བ་ཁུལ་ཀིརྟི་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གི་རིམས་འགོག་ལས་དོན་སྐོར་གྱི་བརྡ་ཐོ་གལ་ཆེན》དང《དགེ་འདུན་པར་སྤྲིངས་པའི་གྲོས་ཡིག》དུས་ཐོག་ཏུ་སྦྱར་བ་དང་བཀྲམས་ཤིང་། བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་རིམས་འགོག་ཤེས་བྱ། འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་རྩོམ་སྒྲིག་བྱས་པར་མ་ཟད། དྲིལ་སྒྲོག་སྦྱར་བྱང་དང་སྐད་འཕྲིན་སྤྱི་སྟེགས། དྲིལ་སྒྲོག་ཡིག་ཆ་བཀྲམ་པ་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས། དགོན་པ་དང་དད་ལྡན་འདུས་ཁུལ་སོགས་གཅིག་ཀྱང་མ་ལུས་པར་རིམས་འགོག་དྲིལ་སྒྲོག་བྱས་ཡོད། དགེ་འདུན་པ་དང་དད་ལྡན་མང་ཚོགས་ཀྱིས་རང་མོས་སུ་ཁོར་ཡུག་ལ་གཙང་སྦྲ་དང་སྒྲིག་བཅོས་བྱས་ཤིང་། འཚམས་འདྲི་དང་སྦྱར་ཡིག་རང་མོས་སུ་དང་དུ་བླངས་བ། ལག་པ་འཁྲུ་བ་དང་ཁ་རས་གྱོན་པ། སྒོ་ལ་ཉུང་འབུད། འདུ་འཛོམས་མི་བྱེད་པ་བཅས་རང་མོས་སུ་འཁྱོངས་བར་བྱས་ཡོད་ལ། ཀུན་གྱིས་འགན་ཁུར་ཅིང་ཀུན་གྱིས་སྒྲིག་ཁྲིམས་བསྲུངས་ཏེ་རིམས་ནད་སྔོན་འགོག་ལ་ཁོར་ཡུག་ལེགས་པོ་བསྐྲུན།

དཀའ་བའི་ལས་ལ་འཕྲད་ན་བྱམས་དང་སྙིང་རྗེ་བསྐྱེད། དྲང་ཕྱོགས་ཀྱི་ཁྲིད་སྟོན་བྱས་ཏེ་ལས་བྱེད་པ་དང་དགེ་འདུན་པའི་བསམ་པ་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཡོད་ལ། མཉམ་དུ་རིམས་ནད་ས་ཁུལ་ལ་རྒྱུ་དངུལ་གྱི་ཞལ་འདེབས་ཕུལ་ནས། རིམས་འགོག་གི་གཡུལ་ལས་རྣམ་པར་རྒྱལ་བར་དགེ་མཚན་ལྡན་པའི་སྟོབས་ཤུགས་ཕུལ་ཡོད། ཀིརྟི་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་དང་ལས་བཟོ་བ་ཡོངས་ཀྱིས་རང་མོས་སྒོས་རིམས་ནད་ས་ཁུལ་ལ་ཞལ་འདེབས་སུ་སྒོར་22700ཕུལ་བ་དང་། རང་མོས་སུ་རྩ་འཛུགས་བྱས་ཏེ་དགོན་པའི་དགེ་འདུན་པ་ཡོངས་ཀྱིས་རིམས་ནད་ས་ཁུལ་ཝུའུ་ཧན་དང་དཀར་མཛེས་ཁུལ་ལ་ཞལ་འདེབས་སུ་སྒོར་73770ཕུལ་ཡོད། རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས། དཀར་མཛེས་རྟའུ་རྫོང་བཅས་ལ་རིན་མ་བླངས་པར་རིན་གོང་སྒོར་ཁྲི་43ལྷག་གི་རིམས་འགོག་སྨན་རིལ་སྟེར་ཡོད། ཁོང་ཅག་གི་བློས་གཏོང་དང་། སྦྱིན་པ། འགོག་སྲུང་གི་བྱ་སྤྱོད་ལས་དགེ་འདུན་པའི་རྒྱུད་ལ་མངའ་བའི་བྱམས་དང་སྙིང་རྗེ་མཚོན་ཡོད་ལ། རྒྱལ་གཅེས་ཁྱིམ་གཅེས་ཀྱི་སྲོལ་རྒྱུན་བཟང་བོའང་མངོན་པར་བྱས་ཏེ། དག་ཞིང་གི་རྔ་བར་རིམས་འགོག་གི་འགོག་རྫོང་བརྟན་པོ་ཞིག་བརྩིགས་ཡོད།

སྟོབས་ཤུགས་ཡང་ནས་ཡང་དུ་བསྐྱེད།།

རིམས་འགོག་ཉིན་ལྡན་ལས་བྱ་ཉིད།།

འབད་བརྩོན་ལྷོད་མེད་ཀྱི་མཐུ་ཡིས་མིག་སྔར་རྒྱལ་ནང་གི་རིམས་ནད་གནས་ཚུལ་ཉིན་བཞིན་ལེགས་ཕྱོགས་སུ་འགྲོ་བཞིན་ཡོད་ཀྱང་། ཕྱི་རྒྱལ་དུ་རིམས་ནད་ཧ་ཅང་ཚབས་ཆེན་ངང་མཆེད་བཞིན་འདུག་པས། ནང་འདྲེན་ཉེན་ཁ་ཆེ་རུ་ཕྱིན་ཡོད། དོན་བརྒྱ་འགྲུབ་ཁར་དཀའ་ངལ་ལྷག་ཏུ་ཆེ་ཞེས་པའི་དཔེ་ལྟར། རིམས་ནད་ཀྱི་ཉེན་ཁ་སྔར་བཞིན་གནས་ཡོད་པས། རིམས་འགོག་གི་དོགས་ཟོན་གཏན་ནས་ལྷོད་མི་རུང་ལ། རིམས་འགོག་ནི་ཉིན་རྒྱུན་གྱི་ལས་བྱ་ཞིག་ཏུ་བརྩིས་ནས་མུ་མཐུད་དུ་དམ་པོར་འཛིན་རྒྱུ་ནི་ཧ་ཅང་གལ་ཆེ་བའི་ལས་དོན་ཞིག་རེད།

གཙོ་གནད་ལས་རིམ་དང་ཉེན་ཁ་ཆེ་སར་དམིགས་ནས། རྔ་བ་ཁུལ་ཀིརྟི་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་དང་ཨུ་ཡོན་དགེ་འདུན་པ་རྣམས་ཀྱིས་རིམས་འགོག་གི་བྱེད་ཐབས་རེ་རེ་མུ་མཐུད་དུ་དམ་སྒྲུབ་དང་ནན་སྒྲུབ། ཞིབ་སྒྲུབ་བཅས་བྱས་ཏེ། ཉིན་རྒྱུན་གྱི་རིམས་འགོག་འགན་ལེན་ལ་བརྩོན་པ་བསྐྱེད་ཅིང་། མཁོ་བསྟུན་ཐག་གཅོད་ལ་འབད་བཞིན་འདུག ཕྱི་ནས་ནང་འདྲེན་སྔོན་འགོག་དང་ནང་ནས་བསྐྱར་མཆེད་སྔོན་འགོག་ཅེས་པའི་རིམས་འགོག་གི་སྤྱིའི་ཇུས་གཞི་ཡི་མཛུབ་སྟོན་འོག མཉམ་དུ་སྔོན་འགོག་དང་ཚོད་འཛིན་རྒྱུན་བསྐྱངས་ཏེ། ཀིརྟི་དགོན་གྱི་འགོག་རྫོང་རེ་རེ་བློ་བརྟན་འགྱུར་མེད་ཀྱིས་ལེགས་པར་བསྲུང་རྒྱུ་ཡིན།

ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གིས་ཀིརྟི་དགོན་པར་བརྟག་ཞིབ་གནང་སྐབས། ཁོང་གིས་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་འོག ཀིརྟི་དགོན་གྱིས་དགེ་འདུན་པའི་དོ་དམ་ལ་ཤུགས་བསྣན་པ་དང་། སྤྱི་སྤྱོད་ཚོགས་རར་དུག་སེལ་བྱས་པར་མ་ཟད། དད་ལྡན་མང་ཚོགས་རྣམས་ལ་དགོན་པ་ནས་མཇལ་སྐོར་མི་བྱེད་པའི་བླང་བྱ་བཏོན་ནས། སྐྱ་སེར་ཀུན་གྱི་ཚེ་སྲོག་བདེ་འཇགས་དང་ལུས་ཁམས་བདེ་ཐང་སྲུང་སྐྱོང་ཐད་དགེ་མཚན་ལྡན་པའི་བྱས་རྗེས་བཞག་ཡོད་ཅེས་གདེང་འཇོག་གནང་ཡོད།

སྡེ་དམངས་འཇམ་དཔལ་གྱིས་རིམས་ནད་སྔོན་འགོག་གི་བྱ་བ་གང་ཞིག་ཡིན་རུང་། ལས་གནས་སྲུང་བཞིན་ཡོད་པའི་མི་སུ་ཞིག་ཡིན་ཡང་གུས་པར་འོས་པའི་ལྡོག་སྐྱོད་པ་ཞིག་ཡིན་ལ། དེ་བས་ཀྱང་རིམས་འགོག་གཡུལ་ལ་ཞུགས་པའི་མདུན་སྐྱོད་པ་ཞིག་ཡིན་ཞེས་བཤད།།

(འཕྲིན་སྤེལ་བ་སྐལ་བཟང་ཚེ་བརྟན།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2020-06-02 རྔ་བ་ཁུལ་ཀིརྟི་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་དང་ཨུ་ཡོན་དགེ་འདུན་པ་རྣམས་ཀྱི་རིམས་འགོག་གི་གནས་ཚུལ་ཟུར་བྲིས། 4 4 阿坝日报藏文 c112278.html 1 དགོན་ པ་ གཅིག་ ལེགས་ པར་ སྐྱོང་།། ཁྱིམ་ ཚང་ ཁྲི་ སྲུང་ བར་ བྱེད།། /enpproperty-->