数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第07版:教 研

ཇོ་བོ་རྗེའི《བསྟོད་པ་སུམ་ཅུ་བའི》རྩོམ་སྟངས་ཀྱི་ཁྱད་ཆོས་དང་བསམ་བློའི་རང་བཞིན་ལ་དཔྱད་པ།

འཇམ་དབྱངས་བསྟན་འཛིན། 【བན་ཡུ་ལྟེ་བའི་སློབ་ཆུང་།】

དང་པོ།མཛད་པ་པོ་ལོ་རྒྱུས་མདོར་བསྡུས།

ཁོང་ནི་རབ་བྱུང་དང་པོའི་ཤིང་འབྲུག་ལོར(སྤྱི་ལོ1004)ཡབ་རྟ་གསུམ་སྐུ་གཤེད་དང་།ཡུམ་ཁུ་འོད་བཟའ་གཉིས་ཀྱི་སྲས་སུ་ཡུལ་སྟོད་ལུང་ཕུར་སྐུ་འཁྲུངས།ཆུང་དུས་ནས་ཡུམ་གཤེགས་རྗེས་ཡབ་ཀྱིས་མ་གཡར་གཅིག་བླངས་པས་རྒྱུན་དུ་ལྟོ་སྐྱ་གོས་ཧྲུལ་སོགས་ཀྱི་འཚོ་སྡུག་མྱོང་དགོས་པས།ཁམས་ཀྱི་ཕྱོགས་སུ་བྲོས་ཕེབས། བླ་མ་སེ་བཙུན་གྱི་སར་བཞུགས་ནས་ཉིན་མོར་ནང་གཡོག་དང་མཚན་མོར་ཞིང་སྲུང་སོགས་མཛད་ཀྱང་།སློབ་གཉེར་དང་མ་བྲལ་བར་གནང་།དེ་དུས་པཎྡི་ཏ་སྨྲི་ཏི་ལས་སྒྲ་དང་སཾ་སྐྲྀ་ཏི་སྐད་བསླབས།སྤྱི་ལོ་1042ལོར་ཇོ་བོ་རྗེ་མངས་རིས་སུ་ཕེབས།

སྤུ་རངས་སུ་ཇོ་བོ་རྗེ་དང་མཇལ་ཏེ་ལོ་བཅུ་གཅིག་ལྷག་གི་རིང་ཁོང་གི་སྐུ་མདུན་ནས་སློབ་གཉེར་བྱས།ཇོ་བོས་ཡོན་ཏན་ཐམས་ཅད་འབྲོམ་ལ་གནང་ཞིང་ཁྱད་པར་དུ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལ་རྩལ་ཐོན།ཇོ་བོ་རྗེ་སྐུ་གཤེགས་རྗེས་འབྲོམ་གྱིས་རྭ་སྒྲེང་དགོན་པ་བཏབ་ཅིང་བཀའ་གདམས་རིང་ལུགས་པའི་གྲུབ་མཐའི་ཕྱེས།སྲས་ཀྱི་ཐུ་བོ་པོ་ཏོ་བ་རིན་ཆེན་གསལ་དང་སྦྱན་སྔ་བ་ཚུལ་ཁྲིམས་འབར།ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན་གཙོ་བྱས་པའི་སློབ་མ་མཁས་གྲུབ་ཕུལ་དུ་བྱུང་བ་མང་བོ་བསྐྱངས།བརྩམས་ཆོས་ལ་《ཇོ་བསྟོད་སུམ་ཅུ་བ》དང《མི་ཆོས་གནད་ཀྱི་ཕྲེང་བ》སོགས་བཞུགས། རང་བྱུང་དང་པོའི་ཤིང་འབྲུག་ལོར་སྤྱི་ལོ1064རྭ་སྒྲེང་དུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས།

གཉིས་པ། རྩོམ་སྟངས་ཀྱི་ཁྱད་ཆོས།

བརྗོད་བྱའི་གོ་རིམ་གསལ་བར་མ་ཟད་རང་བཞིན་བརྗོད་པའི་རྒྱན་གྱིས་བཅིངས་པ་གཙོ་ཆེ་ལ།འུད་བསྟོད་སོགས་འཁྱོག་བརྗོད་ཀྱི་རྒྱན་བཀོལ་བ་ཉུང་བས་ཀློག་པ་པོ་སུ་ཞིག་གིས་བཀླགས་རུང་གོ་སླ་བའི་རང་བཞིན་ཅན་དུ་གྱུར་པ་བཅས་དངོས་ཡོད་རིང་ལུགས་ཀྱི་སྒྱུ་རྩལ་མཚོན་སྟངས་ཤུགས་ཆེ་བར་སྣང་།ད་རུང་བསྟོད་པ་འདིར་བྱང་ཆུབ་སེམས་ཀྱི་བདུད་རྩིའི་སྨན་བླངས་ནས་ཞེས་དང་།ཐར་འདོད་དེད་དཔོན་ཁྱོད་ལ་གསོལ་བ་འདེབས་སོགས་མང་དུ་བྱུང་བར་བལྟས་ན་མེ་ལོང་མ་བོད་དུ་མ་དར་གོང་ནས་བོད་ལ་དཔེ་རྒྱན་དང་གཟུགས་རྒྱན་སོགས་ཀྱི་རྒྱན་བཀོལ་ཚུལ་དར་ཡོད་པ་རྟོགས་ནུས་སོ།།གཞན་ཡང་བོད་དུ་སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་སོགས་ཀྱི་སྒོ་ནས་བསྟོད་པའི་སྙན་ངག་འབྲི་ཚུལ་ཁྱབ་གདལ་དུ་སོང་བའི་སྲོལ་གྱི་སྒོ་མོའང་ཕལ་ཆེར་འདི་ནས་ཕྱེས་འདུག་པས་བསྟོད་པ་འདིས་བོད་ཀྱི་སྙན་ངག་གི་ལོ་རྒྱུས་ཁྲོད་གོ་གནས་གལ་ཆེན་ཞིག་བཟུང་ཡོད་པར་མ་ཟད།རང་རེའི་བོད་ཀྱི་ཡིག་རྩོམ་སྙན་ངག་གི་ཐོག་མ་རུའང་རྩིས་ན་ཆོག་པར་སྙམ།

གསུམ་པ། བསམ་བློའི་རང་བཞིན།

ཁོང་རིན་པོ་ཆེས་སངས་རྒྱས་ཀྱི་བསྟན་པ་དང་ནང་སྒོས་སུ་བོད་ཀྱི་འགྲོ་བ་རྣམས་རྗེས་སུ་འཛིན་ཕྱིར།དཀའ་ངལ་ལ་མ་འཛེམ་པར་བོད་དུ་ཕེབས་ནས་འགྲོ་དོན་རྒྱ་ཆེན་པོ་མཛད་པའི་མཛད་པ་དང་འཕྲིན་ལས་ལ་བསྔགས་བརྗོད་དང་།ཁོང་གི་ཐུན་མོང་མ་ཡིན་པའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཏེ།སྙིང་རྗེ་དང་བརྩེ་བ་ཆེན་པོས་ཕྱུག་ཡོད་པར་མ་ཟད།ཚུལ་ཁྲིམས་གཙང་ཞིང་རིག་པའི་གནས་བཅུ་ཀུན་ལ་མཁས་པ།གཞན་དོན་ཁུར་དུ་ཁྱེར་བར་འཇིགས་པ་མེད་པའི་སྙིང་སྟོབས་ལྡན་པ་བཅས་ལ་བསྟོད་པ་བྱས་ཡོད། བརྩམས་ཆོས་གང་ཡིན་རུང་དེར་བརྗོད་བྱ་དང་བརྗོད་བྱའི་བསྟན་དོན་གྱི་ཆ་གཉིས་ཡོད་ལ།བརྗོད་བྱ་ནི་བརྩམས་ཆོས་གང་རུང་ཞིག་གིས་ཚུར་སྣང་བྱས་པའི་སྤྱི་ཚོགས་འཚོ་བ་དེ་ལ་ཟེར་ཞིང་།བརྗོད་བྱའི་བསྟན་དོན་ནི་བརྩམས་ཆོས་དེ་ལས་མངོན་པའི་རྩོམ་པ་པོའི་དགའ་སྐྱོ་ཆགས་སྡང་གི་བརྩེ་དུང་བསམ་བློ་ལ་ཟེར།དེས་ན་བསྟོད་པ་འདིའི་བརྗོད་བྱའི་བསྟན་དོན་ནི་རྩོམ་པ་པོས་རང་གི་བླ་མའི་བཀའ་དྲིན་རྗེས་སུ་དྲན་ཞིང་རང་གི་བླ་མར་ལྷག་བསམ་བླ་ན་མེད་པ་བཟུང་ཡོད་པའི་ཡིད་ཀྱི་ཉམས་སྣང་མཚོན་པ་ཡིན།དེར་མ་ཟད།དགེ་རྒན་དང་སློབ་དཔོན་གྱི་སྤྱི་ཚོགས་གོ་གནས་ཀྱི་གལ་ཆེན་རང་བཞིན་ངོས་ཟིན་པ་དང་དེ་ལ་བརྩི་བཀུར་བླ་མེད་དགོས་པ་སོགས་ཡ་རབས་བསམ་བློའང་མཚོན་ཡོད།དེ་ལྟ་བུའི་བསམ་བློ་མཚོན་པའི་སྙན་ངག་སྔར་ཡོད་པ་མ་མཐོང་བས་ཇོ་བོ་རྗེ་བསྟོད་པ་སུམ་ཅུ་བ་འདི་ཕལ་ཆེར་རང་རེའི་བོད་དུ་དར་བའི་དགེ་རྒན་ལ་བསྟོད་པའི་སྙན་ངག་གི་སྔ་ཤོས་སུ་ཡང་འཛིན་རུང་སྙམ།བསྟོད་ཚུལ་གྱི་ཆ་ནས་དང་པོ་རིགས་རུས་དང་།དེ་ནས་ཐུན་མོང་དང་ཐུན་མ་ཡིན་པའི་རིག་གནས་ཐམས་ཅད་ལ་ཇི་ལྟར་སྦྱོང་བ་མཛད་ཚུལ།དེ་རྗེས་མཁས་པའི་བྱ་བ་གསུམ་མམ་བསྡུ་བཞི་སོགས་ཀྱི་སྒོ་ནས་འགྲོ་དོན་རྒྱ་ཆེར་མཛད་ཅིང་སློབ་མ་སྐྱོང་ཚུལ།མཐར་ནང་རྟོགས་ཁྱད་པར་ཅན་གྱི་ས་ལམ་ཡོན་ཏན་མངའ་བརྙེས་ཚུལ་སོགས་ལ་བསྟོད་བསྔགས་བྱས་པ་སྟེ།བརྗོད་བྱ་ལ་གོ་རིམ་ངེས་ཅན་ལྡན་པ་ཞིག དཔེར་ན།ཕུན་སུམ་ཚོགས་པ་བྷཾ་ག་ལ་ཡི་ཡུལ།།ཆོ་རིགས་བཙུན་པ་ཟ་ཧོར་རྒྱལ་བོའི་རིགས།།ཞེས་པ་དང་།འཇིག་རྟེན་ལུགས་ཀྱི་བསྟན་བཅོས་ཐམས་ཅད་དང་།།བཟོ་དང་གསོ་བ་སྒྱུ་རྩལ་སྣ་ཚོགས་དང་།།རིག་བྱེད་ཀུན་ལ་མཁས་ཤིང་མཁྱེན་པ་རྒྱས།།མར་མེ་མཛད་པའི་ཞབས་ལ་གསོལ་བ་འདེབས།།ཞེས་པའམ།།མཁོ་བ་སྦྱིན་དང་སྙན་པར་སྨྲ་བ་དང་།།འཇིག་རྟེན་དོན་མཐུན་གདུལ་བྱའི་དོན་ལ་སྤྱོད།།བསྡུ་བའི་དངོས་པོ་བཞི་ཡི་དཔལ་འབྱོར་གྱིས།།གཞན་དོན་ལྷུར་མཛད་ཁྱོད་ལ་གསོལ་བ་འདེབས།།ཞེས་པ་དང་།བསམ་གཏན་ཤེས་རབ་ཕ་རོལ་ཕྱིན་པ་དྲུག།སྐྱེ་བ་དུ་མར་ཡང་ཡང་གོམས་པ་ཡི།།ཚོགས་གཉིས་ཡོངས་སུ་རྫོགས་ལ་གསོལ་བ་འདེབས།།ཞེས་པ་ལྟ་བུ།

བཞི་བ། ནང་དོན་གནད་བསྡུས།

བསྟོད་པ་འདིའི་བརྗོད་དོན་གྱི་ཡང་སྙིང་ནི།བདག་ཉིད་ཆེན་པོ་དེ་ཉིད་གང་ནས་སྐྱེ་བ་བཞེས་ཚུལ།དགེ་རྒན་ཚུལ་བཞིན་བསྟེན་ནས་ལུང་གི་ཡོན་ཏན་མངའ་བརྙེས་པས་མཁྱེན་པ་རྒྱས་པ།ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ།ཚུལ་ཁྲིམས་རྣམ་པར་དག་པར་སྲུང་བ།བྱང་ཆུབ་སེམས་ཀྱི་གདམས་པ་བརྙེས་ནས་བསྟན་པ་རིན་པོ་ཆེའི་དོན་མཛད་པ།བོད་དུ་བྱོན་ནས་སངས་རྒྱས་ཀྱི་བསྟན་པ་དག་ཐེར་མཛད་པ་དང་རྒྱས་པར་བྱས་པ།དོན་གཉིས་མཐར་ཕྱིན་པར་མ་ཟད་འཕྲིན་ལས་རྒྱས་བྱེད་ཀྱི་བདག་རྐྱེན་མིག་གི་མངོན་ཤེས་ལ་སོགས་པའི་ཁྱད་འཕགས་ཀྱི་ཡོན་ཏན་མངའ་བརྙེས་པ་སོགས་ལ་བསྟོད་བསྔགས་བྱས་ཡོད་དོ།།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2020-01-03 འཇམ་དབྱངས་བསྟན་འཛིན། 【བན་ཡུ་ལྟེ་བའི་སློབ་ཆུང་།】 6 6 四川民族教育报 c98052.html 1 ཇོ་བོ་རྗེའི《བསྟོད་པ་སུམ་ཅུ་བའི》རྩོམ་སྟངས་ཀྱི་ཁྱད་ཆོས་དང་བསམ་བློའི་རང་བཞིན་ལ་དཔྱད་པ། /enpproperty-->