数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第03版:

བསིལ་བའི་ལྗོངས་ཀྱི་དགེ་མཚན་ལ་བསྔགས་པ་རྒྱུད་བྲལ་ངག་གི་པི་ཝང་།

♦བདེན་པའི་ལམ་འཚོལ། 【ཧུང་ཡོན།】

ཤེལ་དཀར་ལྷུན་པོའི་ཕྲེང་བས་ཡོངས་བསྐོར་བ།།

དགེ་མཚན་དཔལ་གྱིས་མངོན་མཐོ་སཱ་ལའི་ལྗོངས།།

རང་བྱུང་སྣོད་ཀྱི་མཛེས་པའི་མཚར་སྡུག་དཔལ།།

འཆི་མེད་གནས་ལས་དཔེ་ཟླ་དམིགས་སུ་མེད།།

རབ་འབྱམས་ཕྱོགས་བཅུའི་ཞིང་ན་ཐུབ་རྣམས་ཀྱིས།།

ལན་གཅིག་ཙམ་མིན་བསྔགས་པས་སེམས་དཔའ་ཆེ།།

པད་དཀར་འཛིན་པའི་ཐུགས་རྗེའི་འོད་ཞགས་ཀྱིས།།

རིང་ནས་བསྐྱངས་པས་གྲགས་པའི་རྣ་རྒྱན་དཔྱངས།།

གཙུག་ལག་ཉི་ཟླ་ཟུང་གི་དཀྱིལ་འཁོར་མཆོག།

དྲན་དབང་འབུམ་གྱིས་ངལ་བརྒྱའི་དཔུང་བ་ཡིས།།

གདོང་དམར་སྐྱེ་དགུའི་མགྲོན་དུ་ལེགས་དྲངས་པས།།

རིག་པའི་གཟི་དཔལ་བསྐལ་བའི་མཐར་ཡང་བཀྲ།།

འཇིག་རྟེན་དབང་ཕྱུག་བྱིན་རླབས་སྦྲང་རྩིའི་རོ།།

སྙིང་གི་ཡོལ་ཀོར་ཆགས་པ་སྤྲེལ་སྒོམ་པ།།

སེམས་དཔའ་གང་གིས་རྒྱལ་ཡུམ་སྒྲོལ་མའི་འཕྲུལ།།

བྲག་སྲིན་ཁབ་ཏུ་བཞེས་པའི་ལྷུམས་རྒྱ་ལས།།

རིགས་ཀྱི་མྱུ་གུ་རྣམ་པར་གྲོལ་བ་ནི།།

མུ་ཏིག་དོ་ཤལ་བསྟར་ལ་བརྒྱུས་པ་བཞིན།།

མི་བུ་གདོང་དྲུག་ཅེས་སུ་གྲགས་པའི་གཏམ།།

དབྱར་ཀྱི་འབྲུག་སྒྲའི་སྐད་ལ་རྣམ་པར་འཁུ།།

རིགས་གསུམ་སེམས་དཔའི་སྣ་ཚོགས་ཟློས་གར་གྱིས།།

ལུགས་གཉིས་འཕྲིན་ལས་སྤེལ་བའི་ཐབས་ཚུལ་ཅན།།

མེས་དབོན་གསུམ་སོགས་ས་སྐྱོང་བཙན་པོའི་གདུང་།།

མི་རྗེ་ལྷ་ཡིས་མཛད་པའི་ངོ་མཚར་འབར།།

སུམ་གཉིས་གསེར་ལྡན་འཛིན་མའི་དཀྱིལ་འཁོར་ཁྱོན།།

འབུམ་ཕྲག་དཔུང་གིས་རུ་མཚོན་གཟེངས་དང་ལྷན།།

དྲེག་ལྡན་རལ་པའི་གདེངས་ཀ་བསྙིལ་པའི་གཏམ།།

ལོ་རྒྱུས་གླེགས་བམ་གསེབ་ན་འོད་དུ་འཚེར།།

ཆེ་མཐོ་གོ་ལའི་ཏོག་ཏུ་མངོན་འཕགས་པའི།།

ས་མཐོའི་སྣོད་བཅུད་མཛེས་པའི་ཡོན་ཏན་ནི།།

མཐའ་བྲལ་ཀུན་གསལ་ཡངས་པའི་རྒྱ་ཁྱོན་དང་།།

རྣམ་ཀུན་མཚུངས་ཞེས་བདག་གིས་བརྗོད་པར་འདོད།།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2020-10-27 ♦བདེན་པའི་ལམ་འཚོལ། 【ཧུང་ཡོན།】 4 4 阿坝日报藏文 c126217.html 1 བསིལ་བའི་ལྗོངས་ཀྱི་དགེ་མཚན་ལ་བསྔགས་པ་རྒྱུད་བྲལ་ངག་གི་པི་ཝང་། /enpproperty-->