ལོ་སྔོན་མའི་དགུན་ཟླ་རིང་མོའི་ནང་དུ་རང་ཞིང་གི་ས་ཆ་མང་པོར་ཁ་བ་འབབ་ཚད་ཧ་ཅང་ཉུང་བའི་རྐྱེན་གྱིས་རི་ལུང་ཐང་གསུམ་སྐྱ་ཐལ་ལེ་ངང་གནས་པ་དང་ས་གཞི་ཡོངས་ལ་སྐམ་ཐག་ཆོད་པར་མ་ཟད། ས་རྡུལ་དང་བུ་ཡུག་ཆེ་བས་མེ་སྐྱོན་སོགས་ཀྱི་ཉེན་ཁ་ཧ་ཅང་ཆེ་བ་དང་མི་ཕྱུགས་ཀྱི་ཆམ་རིམ་དང་ནད་ཡམས་ཡང་ཅུང་མང་བས་ཡོད་ཚད་ཀྱི་ཁ་བ་ཞིག་འབབ་པར་རེ་སྒུག་བྱས་ཡོད་ནའང་། དགུན་ཟླ་རིང་མོ་ཞིག་ཕར་འདས་ནས་གནམ་ལོ་གསར་བ་ཚེས་རག་བར་དུ་ཁ་བ་རྡོག་གཅིག་ཀྱང་བབས་མ་སོང་། ཡིན་ན་ཡང་ལོ་གསར་བ་ཚེས་པ་དང་དཔྱིད་ཟླ་ཚེས་ནས་ནམ་ཟླ་ཅུང་ཇེ་དྲོར་ཕྱིན་པ་དང་བསྟུན་ནས་ཁ་བ་ཡང་བསྟུད་མར་བབས་བྱུང་བས་མི་རྣམས་ཀྱི་སེམས་པ་དགའ་སྤྲོས་ཁེངས་ཤིང་། འབྲོག་པ་རྣམས་ཀྱིས་ད་ལོའི་སོས་ཀ་རྩྭ་ལེགས་པོ་ཞིག་ཨེ་སྐྱེས་པ་དང་རོང་བ་རྣམས་ཀྱིས་ཞིང་ཡག་པོ་ཞིག་ཨེ་ཡོང་བསམ་བཞིན་ཁ་བ་བབས་ཏེ་ས་གཞིར་བརླན་གཤེར་ཅི་ཙམ་བྱུང་ན་དེ་ཙམ་སྤྲོ་བ་འཕེལ་བཞིན་ཡོད། དེ་ལྟར་ཉེ་བའི་ཉིན་འདི་དག་གི་རིང་ཁ་བ་བསྟུད་མར་བབས་པས་མཐོ་སྒང་གི་ཡུལ་གྲུ་འདི་ནི་གོས་དཀར་གྱི་ན་བཟའ་བཀླུབས་པའི་དངུལ་གྱི་གཞོང་བ་ཞིག་དང་འདྲ་བར་ཡོད་ཚད་དཀར་བོང་བོང་གི་འཇིག་རྟེན་ཞིག་ཏུ་གྱུར་འདུག
ཡིན་ན་ཡང་།ཅུང་ཡིད་ཕངས་བ་ཞིག་ནི་ངའི་ཕ་ཡུལ་ཏེ་མཚོ་འཕགས་སྨི་4000ཙམ་གྱི་མཐོ་སྒང་འདིའི་གཞུང་ལམ་དུ་ཁ་བ་མཐུག་པོ་ཆགས་ནས་དར་དང་གངས་ཀྱི་ཤུགས་རྐྱེན་གྱིས་རླངས་འཁོར་ཆེ་ཆུང་མང་པོ་བསྐྱོད་མ་ཐུབ་པར་ཕན་ཚུན་ཐོ་ཐུག་རྒྱག་པ་སོགས་དོན་རྐྱེན་མི་ལེགས་པ་འབྱུང་བཞིན་པར་མ་ཟད། ལྷག་པར་དུ་གནས་འདིའི་གཞུང་ལམ་ནི་མདོ་རྩེ་ལུང་བ་སྟེ་རི་གཟར་དང་ཀྱག་ཀྱོག་ཤིན་ཏུ་མང་བའི་ས་རྩུབ་ས་ཞིག་ན་ར་ལུག་གི་རྒྱུ་མ་བཞིན་རིང་དུ་འཐེན་ཡོད་པ་དང་། ལོ་དུ་མའི་སྔོན་ལ་གཞུང་ལམ་འདི་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་སྣ་མང་པོར་ཤི་རྨས་ཐེངས་མང་བྱུང་མྱོང་ས་ཞིག་ཡིན། ཉིན་འདི་དག་གི་རིང་ལ་ཁ་བ་འབབ་མཚམས་བཞག་པར་གངས་དར་ཆེན་པོས་གཞུང་ལམ་ཡོངས་སུ་མནན་ཡོད་པ་དང་། སྒོས་སུ་ད་ལོར་ས་ཆ་འདིར་གཞུང་ལམ་དང་ཕུག་ལམ་གསར་བ་ལས་བཞིན་ཡོད་པས། གཞུང་ལམ་རྙིང་བ་དེར་ཞིག་གསོ་དང་བཀག་འགོག་གི་ཨར་ལས་བྱེད་ས་མང་ཞིང་ལམ་མི་བདེ་བ་དང་གཞུང་ལམ་དོག་པ། རླངས་འཁོར་མང་བ་བཅས་ཀྱི་འགྲིམ་འགྲུལ་ཉེན་ཁ་ཤིན་ཏུ་ཆེ་ལ། ད་དུང་ཆ་འཕྲིན་རྒྱུན་ལྡན་མིན་པ་དང་གྲོང་ཁྱེར་དང་ཁ་ཐག་རིང་བའི་གཞི་རིམ་འབྲོག་ས་རྩུབ་མོ་འདིར་རླངས་འཁོར་དུས་ལྟར་རྒྱུ་མ་ཐུབ་ཚེ་ཁ་ལོ་བ་དང་འགྲུལ་བཞུད་མགྲོན་པོ་དག་གི་རྒྱུན་ལྡན་གྱི་འཚོ་བ་ལ་ཡང་ཤུགས་རྐྱེན་གང་མང་ཐེབས་བཞིན་ཡོད།
དེ་ལྟར་ཕ་ཡུལ་མང་རྫོང་གི་མདོ་རྩེ་ལུང་བའི་མདུན་རྒྱབ་གང་སར་རབ་དཀར་ཁ་བའི་འདབ་མས་ཡོངས་སུ་གཡོགས་པ་དང་ལྷག་པར་དུ་གཞུང་ལམ་ངོས་སུ་ཁངས་རྫོབ་དང་འཁྱགས་དར་ཆེན་པོ་ཆགས་ཏེ་འགྲུམ་འགྲིལ་སྐྱེལ་འདྲེན་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པས། རྫོང་འགྲིམ་འགྲུལ་ཅུས་ཀྱི་ལས་བྱེད་མི་སྣ་དག་ཀྱང་དུས་ཐོག་ཏུ་ཡུལ་དངོས་ལ་ཐོན་ཏེ་བཀོད་སྒྲིག་དང་མཛུབ་སྟོན་གནང་བྱུང་ན་ཡང་ཁ་བ་ནི་ཟམ་མ་ཆད་པར་གདུག་རྩུབ་ཀྱིས་བབས་པ་དང་བསྟུན་ནམ་ཟླ་ཡང་ཧ་ཅང་འཁྱག་པས་ཉིན་འདིའི་བདག་མགྲོན་ཀུན་ལ་དཀའ་ལས་ཆེན་པོ་བཟོས་སོང་། སྐབས་ཐོག་དེར་ས་གནས་ལས་བྱེད་པ་དང་ང་ཚོའི་སྡེ་བའི་མང་ཚོགས་ཀྱིས་མཉམ་འབྲེལ་གྱིས་བཙུགས་པའི་དྲ་ཐོག་གི་ཚོགས་པ་ཞིག་སྟེ“གངས་ཆབ་རོམ”ཞེས་ཆེད་དུ་གཞུང་ལམ་ན་ཆགས་པའི་དར་དང་ཁ་བ་གཙང་ཕྱགས་བྱེད་པའི་ན་གཞོན་ཕོ་མོ་སྐོར་ཞིག་ཡོད་པ་དེ་ཡང་གནས་དེར་སླེབས་ནས་རླངས་འཁོར་གྱི་ལམ་ལ་ས་འདེབས་པ་དང་ལྕགས་ཁེམ་གྱིས་དར་འབྲད་པ། རླངས་འཁོར་གྱི་མདུན་ནས་འཐེན་པ་དང་གཞུག་ནས་འཕུད་པ་སོགས་ཀྱི་ཞབས་ཞུ་གང་མང་སྒྲུབ་པར་མ་བསྐུལ་དང་བླངས་ཀྱིས་ཉིན་འདི་གའི་ལས་རིམ་ཁག་གིས་གནས་འདིའི་གཞུང་ལམ་གྱི་འགྲིམ་འགྲུལ་ཤར་གཏོང་ལ་ཁག་ཐེག་ལེགས་པོ་འདོན་སྤེལ་བྱེད་བཞིན་ཡོད།
ཐེངས་འདིར་གུས་པ་རང་ཉིད་ཀྱང་འགྲིམ་འགྲུལ་དོ་དམ་པ་དང་གཞན་ཕན་ལྷག་བསམ་མངའ་བའི་གངས་འཁྱག་རོམ་ཚོགས་མི་རྣམས་དང་མཉམ་དུ་ཕ་ཡུལ་གྱི་གཞུང་ལམ་ཆེན་པོ་འདིའི་སྟེང་གི་གངས་དར་གཙང་སེལ་དང་རླངས་འཁོར་ཤར་གཏོང་བྱེད་པའི་བྱ་འགུལ་ལ་ཧུར་ཐག་གིས་ཞུགས་ནས་རང་ནུས་ཡོད་རྒུས་སྤྱི་ཕན་གྱི་བྱ་གཞག་ཅུང་ཙམ་རེ་སྒྲུབ་ཐུབ་སོང་བས་སེམས་པ་སྤྲོ་བས་ཁེངས་ཤིང་ཀུན་གྱི་བསྟོད་བསྔགས་ཆེན་པོ་ཐོབ་སོང་བར་མ་ཟད། རླངས་འཁོར་འདི་དག་གི་ཁ་ལོ་བ་དང་བྲེལ་ཟིང་གི་བྱ་བའི་དབང་གིས་ཐག་ཉེ་རིང་ལ་བསྐྱོད་པའི་ལམ་འགྲོ་བ་འདི་དག་ལ་འདི་འདྲའི་དོན་བཟང་རེ་སྒྲུབ་ཐུབ་སོང་ན་འདི་ལས་ལྷག་པའི་རྣམ་དཀར་གྱི་དགེ་བ་དང་སྤྱི་ཚོགས་ཀྱི་དྲང་ཕྱོགས་ནུས་ཚད་ཤིག་གཞན་ན་སྒྲུབ་རྒྱུ་མེད་པའི་བློ་སྐྱེད་ཅིག་གིས་རང་རྒྱུད་ལ་དྲན་སྐུལ་ཡང་ཡང་གནང་སོང་། དེ་རིང་ཕྱི་དྲོའི་དུས་སུ་སླེབས་པ་དང་ནམ་ཟླ་ཡང་ཡུན་གྱིས་ཇེ་དྭངས་སུ་བུད་སོང་ལ་ལྷོ་ཕྱོགས་ཉི་མ་འོད་ཟེར་མཁའ་མཐའ་ནས་ཡུན་གྱིས་ཤར་བ་དང་བསྟུན་ནས་ལམ་འགྲོ་བ་དག་གི་རླངས་འཁོར་རྣམས་རེ་རེ་བཞིན་གཞུང་ལམ་སྟེང་ཤར་གཏོང་བྱེད་ཐུབ་སོང་བས་ཁོ་ཚོའི་གདོང་ལ་སྔར་མེད་ཀྱི་རྒྱལ་ཁའི་འཛུམ་མདངས་གསར་བ་མངོན་བཞིན་ང་ཚོར་བཀའ་དྲིན་ཞུ་བའི་ལག་བརྡ་གནང་བཞིན་རང་རང་གི་ཕྱོགས་སུ་བདེ་བླག་ངང་ཆས་སོང་།
ཕྱིར་ལོག་ནས་བདག་གིས་དེ་རིང་གི་ཉིན་ཐོའི་ཚབ་ཏུ《ལམ》ཞེས་པའི་རྩོམ་ཡིག་འདི་ཤར་མར་བྲིས་པ་ཡིན་ལ། འདི་ནི་དུས་རབས་འདིའི་འགྲིམ་འགྲུལ་བདེ་འཇགས་ཐད་ཀྱི་མི་བཟང་དོན་བཟང་ཞིག་ཙམ་མ་ཡིན་པར་མི་བུ་རེ་རེའི་མི་ཚེ་ལམ་བུ་ལ་བཟུང་བའི་ལྷག་བསམ་གྱི་མངོན་སྟངས་ཤིག་དང་མི་གཞི་ཡི་སྙིང་སྟོབས་ཤིག་ཏུ་རློམ་ཆོག དེ་ཡང་ཇི་སྐད་དུ།“ཚེ་རིང་ཐུང་ཤོར་ན་ལས་ཡིན།། ལམ་རིང་ཐུང་ཤོར་ན་སྒུག་དགོས།།”ཞེས་པ་ལྟར། མི་ཚེ་མ་གཞི་ནས་ལམ་གྱི་འགྲུལ་བཞུད་ཅིག་ཡིན་ལ། བགྲོད་ལམ་འདིའི་སྟེང་ནས་ཕན་ཚུན་ལ་ལྷག་བསམ་དྲོན་མོའི་ངང་རོགས་རམ་དང་རྒྱབ་སྐྱོར། སེམས་ཁུར་དང་གཅེས་སྐྱོང་བཅས་བྱས་ན་ང་ཚོའི་སྤྱི་ཚོགས་འདི་ཡང་སྐྱོན་བྲལ་སྤྱོད་བཟང་ངང་མདུན་དུ་བསྐྱོད་དེ་ནམ་ཞིག་ཕུགས་བསམ་གྱི་ཞིང་བཀོད་དེ་ལ་བདེ་སྐྱིད་ཀྱི་ཞབས་སེན་འགོད་ཐུབ་པ་ནི་གདོན་མི་ཟའོ།།



