ཉེ་བའི་ལོ་ཤས་རིང་ནས་བཟུང་། རང་ཁུལ་གྱིས་ལྔ་ལྡན་ཁུལ་སྐྲུན་པར་བརྩོན་པའི་བགྱི་བ་ལྷུར་ལེན་བཞིན་ཡོད་ལ། ལྔ་ལྡན་ཁུལ་ལས་དམངས་གཞིས་སྐྱིད་པའི་ཁུལ་ལ་མཚོན་ན། རང་ཁུལ་ནི་སྔ་མོ་ནས་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། ཡུར་སྐོར་ལས་རིགས་དར་རྒྱས་ཆེ་བའི་ས་ཁུལ་ཞིག་ཡིན་པ་མ་ཟད། ད་ལྟ་ད་དུང་ཡང་ཡུལ་སྐོར་ལས་རིགས་སྔར་བས་རྒྱ་སྐྱེད་དང་ཚུལ་སྒྱུར་རིམ་སྤོར་ལ་འབད་བཞིན་པའི་སྒང་ཡིན་པས། ཡུལ་གྲུ་སོ་སོར་རང་རང་གི་ཁྱད་ཆོས་འཛོམས་པའི་དམངས་གཞིས་མགྲོན་ཁང་ཡོད་པ་མ་ཟད། དམངས་གཞིས་མགྲོན་ཁང་ནི་ཡུལ་སྐོར་སྐུ་མགྲོན་ཚོ་ཞག་སྡོད་ཁོ་ན་ཙམ་གྱི་གནས་ཚང་ལས་གཞན། ཞག་སྡོད་དང་། ཟ་མ། ཉམས་ལེན་སོགས་སྣ་མང་གཅིག་ཏུ་འདུས་པ་ཞིག་ཡིན་པས། རང་ཁུལ་གྱིས་འབྲེལ་ཡོད་སྲིད་ཇུས་རབ་དང་རིམ་པ་བཏོན་ནས། ས་གནས་སོ་སོའི་ཁྱད་ཆོས་ལྡན་པའི་དམངས་གཞིས་མང་པོ་བསྐྲུན་དང་སྐྲུན་བཞིན་ཡོད། ཉེ་ཆར་གསར་འགོད་པ་ལིས་རྫོང་འབོ་ཁོག་ཡུལ་དུ་ཐོན་པ་ན། འབོ་ཁོག་ལུང་པར་འཛུལ་མ་ཐག་ཕྱོགས་གཉིས་ཀྱི་བྲག་རི་གཟར་བོའི་མུ་ཁྱུད་ཀྱི་རྩེ་མོ་དགུང་དུ་ཟུག་ཅིང་། བྲག་རིའི་འདབས་སུ་དྲག་ཏུ་བཞུར་བཞིན་པའི་འབོ་ཆུ་སྔོན་མོ་མཐོང་ཚེ། མི་སེམས་ལ་སྐྱི་གཡའ་ཞིང་དོགས་མི་བདེ་བའི་ཚོར་བས་ཡང་ནས་ཡང་དུ་མགོ་བོ་དགྱེས་ནས་ནམ་མཁར་བལྟ་དགོས་བྱུང་། སྤྱི་ལེ་ཉི་ཤུ་ཙམ་ལ་སོང་རྗེས་མགོ་ནས་ཞྭ་ཕུད་པ་ལྟར་ཁོད་ཡངས་ཤིང་། རྩི་ཤིང་འདབ་ལོ་ཚིང་ཚིང་དུ་འཁྲུག་པ། གནམ་གཡའ་དག་ཅིང་། སྟོད་ན་གངས་རིའི་རྩེ་མོ་གངས་ཀྱིས་བཟུང་བ། བར་དུ་རྫ་རི་བྲག་རིའི་མུ་ཁྱུད་མཚར་བ། འདབས་སུ་རྫ་ཆུ་བསིལ་མ་ལྷུང་ལྷུང་དུ་འབབ་པའི་སྟོད་སྨད་གཉིས་སུ་ཕྱེས་པའི་འབོ་ཁོག་ཏུ་ཐོན་པ་ན། སོས་དལ་ཞི་འཇགས་ཀྱི་ཚོར་བ་ཤིག་ངང་ངམ་ཤིག་གིས་ཐོན་ངེས། འབོ་ཁོག་གི་གཞན་ལས་ཁྱད་དུ་འཕགས་པའི་ཐོན་ཁུངས་ལ་བརྟེན་ནས། ཡུལ་སྐོར་ཐོན་ལས་དར་རྒྱས་ཆེ་བ་ནི་ལམ་འགྲམ་གྱི་གྲོང་སྡེ་དང་། རི་འདབས་ཀྱི་ནགས་གསེབ་ཏུ་བཞེངས་པའི་དམངས་གཞིས་མགྲོན་ཁག་དག་ལས་ཤེས་ཐུབ། གསར་འགོད་པ་ལྗང་ལོ་གྲོང་ཚོའི་ལུང་ཁོག་ཏུ་ཐོན་པ་ན། ཡུལ་དེའི་ནགས་གསེབ་ཏུ་བཞེངས་པའི་དམངས་གཞིས་ཤིག་གིས་མིག་དབང་དབང་མེད་དུ་འཕྲོག་པར་བྱས། རྒྱུས་ལོན་བྱུང་བ་ལྟར་ན། དམངས་གཞིས་དེ་ནི་ལྗང་ལོ་གྲོང་ཚོའི་ཐུན་མོང་དཔལ་འབྱོར་ཡིན་པ་དང་། ཤར་ནུབ་མཐུན་སྦྱོར་རྣམ་གྲངས་ལས་མ་དངུལ་སྒོར་ཁྲི་700ལྷག་བཏང་ནས་ཕྱི་ཡི་བཀོད་པ་བསྐྲུན་ཞིང་། ན་ནིང་གི་ཟླ་ལྔ་བ་ནས་བཟུང་ཀུང་སི་དང་མཉམ་འབྲེལ་སྒོས་དམངས་གཞིས་མགྲོན་ཁང་གཉེར་མགོ་བརྩམས་ཤིང་། དམངས་གཞིས་དེ་ནི་ཞག་སྡོད་དང་ཟ་མ། སྤྲོ་འཆམ། ཕྱི་རོལ་ཡུལ་སྐོར་སོགས་སྣ་མང་མཉམ་འདུས་ཀྱི་ཐོན་ལས་ཤིག་ཏུ་གྱུར་ཡོད། དམངས་གཞིས་མགྲོན་ཁང་གི་འགན་འཁུར་བ་ཏུའུ་རུའེ་ཡིས་བཤད་རྒྱུར། ང་ཚོའི་དམངས་གཞིས་འདི་རུ་ཕེབས་མཁན་ཡུལ་སྐོར་མགྲོན་པོ་མང་ཤོས་ནི་སི་ཁྲོན་དང་ཁྲུང་ཆིང་ས་ཁུལ་ནས་ཡིན་མོད། ད་ལོར་པེ་ཅིང་དང་། ཧྲང་ཧའེ། ཀོང་ཏུང་། ཨན་ཧུའེ་ཞིང་ཆེན་སོགས་ཀྱི་མགྲོན་པོ་མངོན་གསལ་ཇེ་མང་དུ་ཕྱིན་ཡོད། དམངས་གཞིས་མགྲོན་ཁང་འདི་ནས་ཡར་ལུང་པའི་ཕུག་ཏུ་རྐང་ཐང་ཡུལ་སྐོར་འགྲོ་ས་ཡོད་པ་དང་། ལུང་པའི་ནང་དུ་གངས་རི་དང་རྦབ་ཆུ། མེ་ཏོག་སྣ་ཚོགས། གདོད་མའི་ནགས་ཚལ། རྡོ་བ་དམར་པོ་སོགས་དུས་ཚིགས་བཞི་ཡི་རིང་ལ་རང་བྱུང་གི་ལྟད་མོ་ངོ་མཚར་བ་ཡོད་པས། དབྱར་དགུན་སྟོན་དཔྱིད་ཀུན་ལ་འདིར་ཕེབས་པའི་ཡུལ་སྐོར་མགྲོན་པོ་ཤིན་ཏུ་མང་ཞེས་བཤད།
འབོ་སྟོད་ཡུལ་ཚོའི་གཞུང་ལམ་འགྲམ་དུ་ཆགས་པའི་ལོག་མལ་ཞེས་པའི་དམངས་གཞིས་གསར་བ་ཞིག་ཏུ། དམངས་གཞིས་དོ་དམ་པ་ཝང་ཡན་གྱིས་བོད་ལྭ་གྲལ་དག་ཅིག་གྱོན་ནས་འདར་དབྱངས་སུ་ཐད་གཏོང་བྱས་ནས་རང་ཉིད་ཀྱི་དམངས་གཞིས་གསར་བའི་སྐོར་ངོ་སྤྲོད་བྱེད་ཀྱིན་འདུག རྒྱུས་ལོན་བྱུང་བ་ལྟར་ན། དམངས་གཞིས་དེ་ཡང་ས་གནས་དེ་གའི་གྲོང་ཚོའི་ཐུན་མོང་དཔལ་འབྱོར་ཡིན་པ་དང་། དམངས་གཞིས་མགྲོན་ཁང་གི་མཐའ་སྐོར་དུ་ཀུ་ཤུའི་སྡོང་བོ་སྟོང་ཕྲག་ལྔ་ཙམ་བཙུགས་ནས་ཡོད་པས། དམངས་གཞིས་མགྲོན་ཁང་མཐའ་འཁོར་གྱི་སིལ་ཏོག་ཞིང་རའི་སོ་ནམ་སོགས་སུ་ཉེ་འཁོར་མང་ཚོགས་མི་ཐེངས་སྟོང་ལྷག་ལ་ལས་ཞུགས་ཀྱི་གོ་སྐབས་བསྐྲུན་ཡོད་ལ། དམངས་གཞིས་མགྲོན་ཁང་གི་ཁོ་ར་ཁོར་ཡུག་གཙང་ཞིང་གྲལ་དག་པ་དང་། མགྲོན་ཁང་གི་སྒེའུ་ཁུང་ལས་རྒྱང་རིང་གི་གངས་རི་མཐོང་ཐུབ་ཅིང་། ལྷུག་ལྷུང་དུ་འབབ་པའི་རྫ་ཆུ་བསིལ་མའི་བཞུར་སྒྲ་མྱོང་ཐུབ་པས། གནས་འདིར་ཞག་སྡོད་བྱེད་མཁན་གྱི་ཡུལ་སྐོར་མགྲོན་པོ་རྣམས་ལ་སོས་དལ་བག་ཕེབས་ཀྱི་བདེ་སྣང་ཟབ་མོ་ངང་གིས་སྟེར་ཐུབ་པར་གདོན་མི་ཟ། དེ་མིན་ཡུལ་སྐོར་བ་རྣམས་ཀྱིས་དམངས་གཞིས་མགྲོན་ཁང་འདི་ནས་ཤིང་ཏོག་འཐུ་བ་སོགས་ཞིང་ལས་སོ་ནམ་གྱི་ལས་ཀར་ཉམས་ལེན་ཟབ་མོ་ཡང་བྱས་ཆོག་པར་ཡོད་པས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་གསོན་ཉམས་ལྡན་པའི་ལེའུ་གསར་བ་ཞིག་གི་དབུ་ཁྱུད་འབྲི་དང་བྲི་མུས་སུ་ཡོད་དོ།།(གསར་འགོད་པ། ཆོས་རྒྱས། བློ་བདག བདེ་སྐྱིད་པདྨོ།)



