ངེད་གསར་འགྱུར་གྱི་གསར་བཀོད།ཟླ་7ཚེས་10ཉིན། རྔ་བ་ཁུལ་གྱི་ཐིང་རིམ་པའི་ལས་འཁྱུར་ལས་བྱེད་པའི“ངས་རྔ་བའི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་ནུས་ཤུགས་འདོན”ཞེས་པའི་རྟོག་ཞིབ་བཞུགས་མོལ་གྲོས་ཚོགས་མའོ་རྫོང་དུ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་ཏའེ་ཏེ་ཅུན་གྱིས་ཁུལ་དུ་ཕྱིར་ལོག་པའི་ལྟ་སྐོར་རྟོག་ཞིབ་བྱེད་མཁན་གྱི་ལས་བྱེད་རྒན་པར་འཚམས་འདྲི་གནང་བ་མ་ཟད། ཁོང་ཚོས་རྔ་བའི་འཕེལ་རྒྱས་བརྟན་བརླིང་དང་ལྷག་པར་དུ“ཞིང་གསུམ”ལས་ཀའི་ཐད་ཀྱི་བསམ་འཆར་དང་གྲོས་གཞི་ལ་གསན།
ཏའེ་ཏེ་ཅུན་གྱིས་བཞུགས་མོལ་གྲོས་ཚོགས་ཐོག་གསུང་བཤད་གནང་། ཁོང་གིས་ཁུལ་ཨུ་དང་ཁུལ་དམངས་འཐུས་རྒྱུན་ཨུ་ཁང་། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱིས་ཚབ་མཛད་ནས། ཁུལ་ཡོངས་ཀྱི་ལས་འཁྱུར་ལས་བྱེད་པར་སྙིང་ཐག་པ་ནས་བཀའ་དྲིན་ཞུས་པ་མ་ཟད། ལྷག་བསམ་ཟོལ་མེད་ཀྱི་རྟེན་འབྲེལ་ཞུས། ཁོང་གིས་བསྟན་དོན། བློ་མཐུན་རྒན་པ་རྣམས་ཀྱིས་ལས་གནས་སུ་ཡོད་སྐབས་རྔ་བར་རྐང་བཙུགས་ཤིང་། གཏོང་ཕོད་ཆེན་པོས་བྱས་རྗེས་ཕུལ་ཡོད། ལྷག་པར་དུ“ལས་གནས་དང་བྲལ་ཡང་ཏང་དང་མི་འབྲལ་བ་དང་། ལས་འཁྱུར་བྱས་ཀྱང་སེམས་ཤུགས་མི་ཉམས་པའི”ཆབ་སྲིད་ཀྱི་རང་གཤིས་དུས་ནམ་ཡང་རྒྱུན་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་རྔ་བར་དོ་ཁུར་དང་རྒྱབ་སྐྱོར་བླ་མེད་བྱས་ཡོད། ཁོང་ཚོས་གཤིས་སྤྱོད་ལེགས་པོ་དང་སྤྱོད་ཚུལ་བཟང་པོ་ནི་ང་ཚོའི་རྒྱུ་ནོར་རྩ་ཆེན་དང་།རྒྱ་ཆེའི་ལས་བྱེད་པས་སློབ་སྦྱོང་བྱེད་སའི་མིག་དཔེ་ཡིན།
ཏའེ་ཏེ་ཅུན་གྱིས་བསྟན་དོན། ད་ལོ་ནི“ལྔ་འཆར་བཅོ་ལྔ་བའི”མགོ་རྩོམ་པའི་ལོ་ཡིན་ལ། རྔ་བའི་མ་འོངས་པའི་ལོ་ལྔ་དང་དུས་ཡུན་རིང་བོའི་བརྟན་བརླིང་འཕེལ་རྒྱས་ཀྱི་ལམ་ཕྱོགས་ཐག་གཅོད་པའི་གནད་འགག་གི་ལོ་ཞིག་ཡིན། ཁོང་གིས་ནན་གྱིས་བསྟན་དོན། རྔ་བའི་ཕྱི་རུ་བུད་ནས་རྔ་བར་བལྟ་བ་དང་། ཁྱོན་ཡོངས་ལ་གཞིགས་ནས་རྔ་བར་འཆར་འགོད་རྒྱུན་འཁྱོངས་བྱ་དགོས་ལ། ཐོག་མཐའ་བར་གསུམ་དུ་མིག་སྔའི་འཕྲལ་མཁོ་དང་འགག་རྩའི་གཙོ་གནད་ལ་དམ་པོར་དམིགས་ཏེ། རྔ་བའི་ལས་དོན་སྔར་བས་ཡག་པོ་སྒྲུབ་པར་ནུས་ཤུགས་ཡོད་རྒུ་འདོན་དགོས་ལ། རྔ་བའི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་དམིགས་འབེན་སྔར་བས་གསལ་བ་དང་བསམ་ཕྱོགས་སྔར་བས་ཞིབ་ཚགས། གོམ་སྟབས་སྔར་བས་འགྲིག་པ། ཡིད་ཆེས་སྔར་བས་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་དགོས།
བཞུགས་མོལ་གྲོས་ཚོགས་ཐོག ད་དུང་ཁུལ་ཡོངས་ཀྱི་ལོ་སྟོད་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་དང་མའོ་རྫོང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་བརྒྱུད་སྒྲོག་གནང་། དབྱང་ཅི་ཧྲེང་། ཝང་ཁྲའོ་ཡའོ། ཀྲུང་ཀྲི་ཏུང་། ཀྲང་ཡན་བཅས་བློ་མཐུན་རྒན་པའི་འཐུས་མི་བཞིས་ཁུལ་ཡོངས་ཀྱི་ལས་དོན་སོ་སོར་ཐོབ་པའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་གནང་། ཞིང་ལས་ཞིང་གྲོང་དེང་རབས་ཅན་དང་ནུས་ཁུངས་གཙང་མའི་གསལ་སྤེལ་བེད་སྤྱོད། ཞིང་ལས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་སོགས་གཙོ་བོར་བཟུང་ནས་བསམ་འཆར་དང་གྲོས་གཞི་བཏོན།
ཁུལ་གྱི་འགོ་ཁྲིད་སུང་ཡུང་དང་། མའོ་རྫོང་དང་ཁུལ་རིམ་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན། ཐེངས་འདིར་ཁུལ་དུ་ཕྱིར་ལོག་པའི་ལྟ་སྐོར་རྟོག་ཞིབ་ཀྱི་ཐིང་རིམ་པའི་ལས་འཁྱུར་ལས་བྱེད་པའི་འཐུས་མི་བཞུགས་མོལ་གྲོས་ཚོགས་སུ་ཞུགས་པ་རེད།
(བདེ་མཆོག་སྐྱིད་ཀྱིས་བསྒྱུར།)



