མཇུག་མཐའི་ཚོགས་ཐུན་འདིར།
ངས་ཁྱེད་ཅག་ལ་སྐད་ཆ་མི་བཤད་དོན།
ཁྱེད་ཅག་གི་དུས་ཚོད་འཕྲོ་བརླག་ཏུ་གཏོང་ན་མ་འདོད་པས་ཡིན།
ལོ་ངོ་གཅིག་ནི་ཉིན་གཅིག་གི་རིང་ཚད་ཙམ་ཡིན་ན།
ང་ཚོ་སྔ་དྲོ་ལུང་མདོ་རུ་འཛོམས་ཏེ།
རི་མགོ་རུ་འཛེག་དགོས་པའི་རྒྱུ་མཚན་དག་དག་བཤད།
ཉིན་གུང་ལ་ཐོན་དུས།
ང་ཚོས་ལུང་བའི་ཕུ་ཐག་བཅད་དེ་རི་བྲག་དང་།
ལྗོན་ཤིང་དང་། གཙང་བོ།མཚེའུ་མང་བོར་བལྟས།
མཚམས་རེར་ངོས་མི་ཟིན་པའི་སྐྱེ་དངོས་ཀྱང་མང་བོ་འཕྲད།
ཕྱི་དྲོ་ལ་སླེབས་དུས།
ང་ཚོ་ཆེས་མཐོ་བའི་རི་མགོ་རུ་འགྲེངས་ཏེ།
ཉི་མ་ལག་མཐིལ་དུ་བླངས་ཏེ་པར་ཡང་བླངས།
ཟིན་བྲིས་ནང་དུ་རྔུལ་ཆུ་མཐའ་དག་ཡིག་གཟུགས་སུ་བཞེངས།
སོ་སོའི་ལག་ཏུ་ཡང་། ཨུཏྤལ་དང་། ཤང་དྲིལ། ཆུ་མ་རྩི།
བྱ་རྒོད་སུག་པ་དང་། ཨུག་ཆོས། སྲོ་ལོ་དམར་པོ་སོགས།
ཐོབ་སྐལ་མི་འདྲ་བ་རེ་རེ་བྱུང་བས།
སྦྱངས་འབྲས་ཤིག་ཏུ་བསྒོམས་ནས་རྒྱང་རིང་ལ་མཛུབ་མོ་བཙུགས།
ད་ནི་སོ་སོ་འབྲལ་རན་པས།
རང་རེའི་མདུན་གྱི་ལམ་སྣེ་ལ་འོད་སྣང་གིས་ཁེངས་ཤིང་།
མ་འོངས་པར་འོད་དང་འོད་ཀྱི་གོང་བུ་རེར་གྱུར་ཏེ།
དྲོད་དང་སྣང་བའི་བྱེད་པོ་རུ་འགྱུར་བ་ལ་སྨོན་འདུན་ཞུ།



