སྟོན་མཇུག་ཏུ།ཧུང་ཡོན་རྫོང་སྦྲ་ཆེན་གྲོང་རྡལ་གྱི་སྐ་ཆུའི་ཁུག་པར་མི་མེད་གནམ་གྲུས་ཁྲུང་ཁྲུང་སྐེ་ནག་བཞི་འགྲོ་བཞིན་པ་པར་དུ་བླངས། ལོ་རེའི་ཟླ་11པ་ནས་ཟླ་12པའི་བར་ཁྲུང་ཁྲུང་སྐེ་ནག་ཁྱུ་དང་ཁྱུ་བྱས་ནས་ལྷོ་ཕྱོགས་སུ་གནས་སྤོ་བ་དང་ཕྱི་ལོའི་ཟླ་3པ་དང་ཟླ་4བར་ཁྲུང་ཁྲུང་སྐེ་ནག་སླར་ཡང་ཕྱིར་ལོག་གི་ཡོད། ཧུང་ཡོན་རྫོང་མཁར་དང་བར་ཐག་སྤྱི་ལེ་3ཡོད་པའི་ཟླ་ཚེས་ཁུག་པའི་མཛེས་ལྗོངས་ཁུལ་དུ་སྐྱོད་སྐབས་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དུ་དྭངས་ཤིང་གཙང་བའི་སྐ་ཆུ་ཀྱག་ཀྱོག་ཏུ་བཞུར།
ལོ་ལྔའི་རིང་ཧུང་ཡོན་རྫོང་གིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་བློ་ཐག་རྦད་ཆོད་ཀྱིས་ཁུར་ཏེ་གནམ་སྔོ་བ་དང་། སྤང་མཛེས་པ། ཆུ་དྭངས་པ་བཅས་དམིགས་འབེན་དུ་འཛིན་པ་དང་ཁོར་ཡུག་བཅོས་སྐྱོང་བྱ་རྒྱུ་དམིགས་སར་བྱས་ཏེ་མཐོ་སྒང་གི་སྐྱེ་ཁམས་ཀྱི་གཞི་རྩ་བརྟན་སྲུང་བྱས།
◆གནམ་སྔོ་བ་དང་ཆུ་དྭངས་པ་ནི་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་རེ་སྨོན་ཡིན།
དེ་སྔའི་བྱེ་ས་མུའུ་ཁྲི་7.49ད་ལྟ་སྔོ་ལྗང་གིས་ཁེངས་ཤིང་། འབྲོག་དམངས་ནི་རྩྭ་ཐང་གི་ཕྱུགས་འཚོ་མཁན་ནས་ད་ལྟའི་སྐྱེ་ཁམས་བཅོས་སྐྱོང་མཁན་དུ་གྱུར་ཡོད། ཧུང་ཡོན་གྱི་སྤྱི་ལེ་གྲུ་བཞི་མ་8400ཡི་ས་གཞི་ཆེན་མོའི་ག་ས་གང་དུ་རི་སྔོ་ལ་ཆུ་དྭངས་པ་དང་སྐྱེ་ཁམས་ཀྱི་བདེ་སྐྱིད་རྒྱུན་མཐུད་དུ་གནས་པའི་རྨང་གཞི་དང་གཞི་མདངས་མངོན་ཡོད།
འདས་པའི་ལོ་ལྔའི་རིང་།ཞིང་ཆེན་གྱི་ས་ངོས་ཆུའི་ལྟ་ཞིབ་ཚད་ལེན་བཅད་ངོས་ཀྱི་ཆུའི་སྤུས་ཚད་ཚང་མ་རིགས་གཉིས་པའི་ཚད་གཞིར་སླེབས་པའམ་ཡང་ན་དེ་ལས་ལེགས་པོ་ཡོད་པ་དང་ཚད་གཞི་ལོན་ཚད་བརྒྱ་ཆ་100ཟིན། གཅིག་སྡུད་རྣམ་པའི་བཏུང་ཆུའི་ཆུ་མགོའི་ཁུལ་13གྱི་ཆུའི་སྤུས་ཚད་ཚང་མ་རིགས་གསུམ་དང་དེའི་ཡན་གྱི་ཚད་གཞིར་བསླེབས། མཁའ་རླུང་གི་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་བརྒྱ་ཆ་100རུ་རྒྱུན་འཁྱོངས་བྱས། ས་ཁོངས་ཀྱི་སྒྲའི་ཁོར་ཡུག་གི་སྤུས་ཚད་ཀྱི་ཚད་གཞི་ལོན་ཚད་བརྒྱ་ཆ་100ཟིན། འཛུགས་སྐྲུན་ལ་མཁོ་བའི་ས་ཁོངས་དང་ཞིང་སྤྱོད་ས་ཞིང“ས་ཁོངས་གཉིས”ཀྱི་བདེ་འཇགས་བེད་སྤྱོད་བྱེད་ཚད་བརྒྱ་ཆ་100ཟིན།
◆ཁོར་ཡུག་ནི་དམངས་འཚོ་ཡིན་ལ་རི་སྔོ་བ་ནི་མཛེས་སྡུག་དང་། གནམ་དྭངས་པའང་བདེ་སྐྱིད་ཡིན།
ཟླ་11པའི་ཧུང་ཡོན་རྩྭ་ཐང་ཆེན་མོའི་སྔོ་ལྗང་གི་ས་གཞི་རིམ་བཞིན་གསེར་མདོག་ཏུ་གྱུར་ཡོད། རྫོང་མཁར་གྱི་སྲང་ལམ་དུ་ཚོན་མདངས་རྣམ་པར་བཀྲ། བསྟུད་མར་ཉིན་ཤས་རིང་།གསར་འགོད་པ་ཧུང་ཡོན་རྫོང་གི་སྲང་ལམ་དུ་སྐྱོད་སྐབས་གྱང་ངོས་རེ་རེ་བཞིན་རྣམ་པ་གསར་རྐྱང་དུ་གྱུར་པ་དང་། གསར་བརྗེའི་གནས་རྙིང་རིག་གནས་དང་། སྐྱེ་ཁམས་འདུ་ཤེས། མི་རིགས་ཀྱི་ཁྱད་ཆོས་བཅས་མཉམ་འདྲེས་ཀྱི་ཚོན་རིས་རེ་རེས་དེ་སྔའི་བབ་ཆགས་ཀྱི་འཛུགས་སྐྲུན་དེ་གསོན་ཉམས་དོད་པའི་རི་མོའི་བར་ཁྱམས་སུ་གྱུར་ཡོད།གྱང་ངོས་གཅིག་ལ་ཡུལ་ལྗོངས་གཅིག་རི་མོ་གཅིག་ལ་གཏམ་རྒྱུད་གཅིག གྱང་ངོས་ཀྱི་རི་མོས་མཐོ་སྒང་གི་གྲོང་རྡལ་ཆུང་ཆུང་དེར་མཛེས་རྒྱན་སྤྲས་པས་གྲོང་ཁྱེར་གྱི་རྣམ་པ་ཕུན་སུམ་ཚོགས་སུ་ཕྱིན་པ་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཁོར་ཡུག་ཟབ་ཏུ་ཕྱིན་པ་མ་ཟད། ཡུལ་མི་དང་ཡུལ་སྐོར་བ་ཚོས་གནས་དེ་ནས་གསར་བརྗེའི་གནས་རྙིང་གི་རྨང་གཞི་ཟབ་མོ་དང་། མངོན་གསལ་དོད་པའི་སྐྱེ་ཁམས་ཀྱི་རྨང་གཞི། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་བཅས་རྟོགས་ཐུབ།
ད་ལོར།ཧུང་ཡོན་རྫོང་གིས་རྒྱལ་ཡོངས་ཀྱི་ཁག་དང་པོ་དང་ཞིང་ཆེན་ཡོངས་ཀྱི་CCERནགས་རྩྭ་ཐཱན་འདུས་ཀྱི་རྣམ་གྲངས་ཐོག་མ་དེ་སྔོན་ལ་ལག་བསྟར་བྱས་ནས“སི་ཁྲོན་ཞིང་ཆེན་གྱི་ནགས་རྩྭ་ཐཱན་འདུས་ཀྱི་རྫོང་དང་པོ”ཞེས་པའི་མཚན་སྙན་ཐོབ་པ་དང་ཞིང་ཆེན་ཡོངས་ཀྱི་རྨ་ཆུའི་འབབ་རྒྱུད་ཀྱི་ས་འོག་ཆུའི་ས་ཁོངས་ལས་བརྒལ་བའི་ཆུ་དབང་ཉོ་ཚོང་ཐེངས་དང་པོ་ལེགས་འགྲུབ་བྱུང་ནས་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་རྒྱུན་མཐུད་ངང་འཚོལ་ཞིབ་བྱས་ཏེ་རྩྭ་ཐང་དང་། ནགས་ཚལ།བརླན་སའི་སྐྱེ་ཁམས་ཀྱི་ལེགས་ཆ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་ནས་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོར་བསྐྲུན། རྫོང་དང་ཡུལ་ཚོ།གྲོང་ཚོ་བཅས་རིམ་པ་གསུམ་གྱི་འཚོ་བའི་གད་སྙིགས་བསྡུ་ལེན་དང་དབོར་འདྲེན་ཐག་གཅོད་མ་ལག་བསྐྲུན་པ་དང་། རྫོང་མཁར་དུ་གཅིག་སྡུད་དྲོད་རླངས་མཁོ་འདོན་དང་མཐོ་སྒང་གི་གྲོང་ཁུལ་དུ་གསོ་རླུང་མཁོ་འདོན་སོགས་དམངས་འཚོའི་ལས་གྲྭ་ལག་བསྟར་བྱས་ཏེ།ཞིང་ཆེན་རིམ་པའི་སྲོལ་རྒྱུན་གྲོང་ཚོ་5དང་ཁུལ་རིམ་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་5བསྐྲུན་ནས་མཐོ་སྒང་གི་མང་ཚོགས་ལ་སྐྱེ་ཁམས་མཛེས་སྡུག་ལྡན་པ་དང་འཚོ་སྡོད་ལ་འཚམ་པའི་ཁོར་ཡུག་བཏོད་དོ།།
(གསར་འགོད་པ།ཚེ་དཔག་ལྷ་མོ།)



