ང་རང་བྱིས་པའི་དུས་སུ་དེང་སང་ལྟ་བུའི་ཚན་རྩལ་འཕེལ་རྒྱས་སོང་མེད་པས། སྐབས་དེ་དུས་ལག་འཁྱེར་ཁ་པར་ཟེར་བ་ནི་ལྟ་ཞོག ཁྱིམ་ཚང་མི་རེ་ངོ་རེར་གཟུགས་མཐོང་བརྙན་འཕྲིན་ཞིག་ཀྱང་ཡོད་པ་ཤིན་ཏུ་དཀོན། བདག་གིས་དྲན་གསལ་ལ་ཁོ་བོ་ལོ་ལྔ་དྲུག་ཏུ་སླེབས་སྐབས་སྡེ་བའི་ནང་བརྙན་འཕྲིན་གཅིག་ཡོད་པ་ནི་སྡེ་བ་སྤྱི་ཡོངས་ཀྱི་ཁང་བའི་ནང་ཡོད་པའི་བརྙན་འཕྲིན་གཅིག་པོ་དེ་ཡིན། དེ་ཡང་སྐྱ་ཐལ་གྱི་གློག་བརྙན་དེའི་མདུན་དུ་སྡེ་བའི་མི་རྣམས་རུབ་སྟེ་ལ་ལར་གད་མོ་བགད་པ་དང་། ཡང་ལ་ལར་སྒམ་བརླིང་ངང་འདུག་བཞིན་པའི་སྣང་ཚུལ་དེ་དག་ཡིད་ལ་དྲན་ཐེངས་རེར་ཅི་འདྲའི་ཡིད་དུ་འོང་བ་དང་། ཇི་འདྲའི་བརྗེད་དུ་ཕངས་པ་ཞིག་རེད་ཨང་སྙམ། རྒྱུ་མཚན་ནི་ད་ལྟའི་ཆར་སྤྱི་ཚོགས་ཀྱི་དངོས་པོའི་དཔལ་ཡོན་ཡར་ངོའི་ཟླ་ལྟར་འཕེལ་བཞིན་ཡོད་ནའང་། བསམ་པའི་དཔལ་ཡོན་ནི་མར་ཆའི་ཟླ་བ་དང་འདྲ་སྟེ། བརྣབ་སེམས་དང་གནོད་སེམས། ཞེ་སྡང་དང་ཁོང་ཁྲོ། ང་རྒྱལ་དང་ལེ་ལོ་བཅས་ནི་གྲོག་མ་བཞིན་གང་སར་བརྡོལ་བས། བྱིས་དུས་ཀྱི་སྣང་བརྙན་ལྡེབས་རིས་ཙམ་དུ་གྱུར་པ་ལས། གསོན་པའི་ཉམས་ནི་ཡེ་ནས་མེད་པར་གྱུར།
ད་དུང་ཆེས་ཤིན་ཏུ་བརྗེད་དཀའ་བ་ཞིག་ནི་བྱིས་དུས་སུ་ཁོ་བོ་ཕ་མ་དང་ལྷན་དུ་སྐར་མར་བལྟས་པ་དང་། ཕ་མ་གཉིས་ཀྱིས་རེས་མོས་ཀྱིས་གནམ་ལ་མཛུབ་མོ་ཀེར་ནས་དེ་ནི་སྐར་མ་མིག་དམར་དང་། དེ་ནི་སྐར་མ་སྨིན་དྲུག དེ་ནི་བྱང་སྐར་སྤུན་བདུན་རེད་གསུངས་ནས་དེ་ཚོའི་སྐོར་གྱི་གཏམ་རྒྱུད་ཀྱང་ཧ་ཅང་མང་པོ་གསུངས་པ་དང་།གཞན་ཡང་ནམ་མཁའི་སྐར་མ་རེ་རེས་མི་རེ་རེའི་ཚེ་སྲོག་མཚོན་པ་དང་། གལ་ཏེ་མི་ཞིག་ཕྱི་མའི་ལམ་དུ་སོང་ཚེ་ཁོའི་ཚེ་སྲོག་དང་འབྲེལ་བའི་སྐར་མ་དེ་ཡང་སྐར་མདའ་ལྟུང་བ་ཡིན་གསུངས། གནས་ཚུལ་དེ་སྒྲུབ་དཀའ་བ་ཞིག་ཡིན་མོད། འོན་ཀྱང་སྐར་མདའ་ལྟུང་བ་ནི་ད་ལྟ་ཡང་མངོན་སུམ་གསལ་རྗེན་དུ་མཐོང་བཞིན་ཡོད་པས། དེ་ནི་དོན་དམ་ཏུ་གྲུབ་པར་མ་ཡིན་ཡང་། ཀུན་རྫོབ་ཏུ་གྲུབ་པར་ཏན་ཏན་རེད།
དོ་ནུབ་ཁོ་བོ་སླར་ཡང་ཁ་པར་དང་རྒྱང་གྱེས་ཏེ།མལ་ཁྲིའི་ཐོག་གན་རྐྱལ་དུ་ཉལ་ནས་སྒེའུ་ཁུང་ངོས་ནས་ནམ་མཁའི་མཐོངས་ཀྱི་སྐར་ཚོགས་ལ་ལྟ་བཞིན་ཡོད་ན་ཡང་། སྐར་མ་དེ་དག་ནི་བྱིས་པའི་དུས་ཀྱི་སྐར་མ་དང་བསྡུར་ཚེ་མི་གསལ་བའི་སྣང་བ་ཞིག་སྐྱེ་མུར། ནམ་མཁའ་དེ་ཡང་མུག་ནག་གི་རྣམ་པ་ཞིག་མངོན་ཡོང་།དེ་དུས་བདག་གིས་ཕ་མ་གཉིས་ལ་བཀའ་འདྲི་ཞུ་དགོས་བསམས་ནས་གཡས་གཡོན་ལ་མིག་ལྟ་བྱེད་དུས་ཕ་མ་གཉིས་པོ་རང་གི་འགྲམ་ན་མེད་པ་གཞི་ནས་ཤེས་ཤིང་། རང་ཉིད་ཀྱང་གཞན་གྱི་ལུང་བ་ན་འཚོ་བ་ད་གཟོད་རྟོགས་པར་གྱུར་པས། བདག་གིས་རང་གི་ཕ་མ་གཉིས་ཀ་སེམས་ཀྱི་གཏིང་ནས་དྲན།
ངོ་མ། བྱམས་ལྡན་གྱི་ཕ་ལགས། བརྩེ་ལྡན་གྱི་མ་ལོ། ཁྱེད་རྣམ་གཉིས་ནི་སྐར་མ་ཇི་བཞིན་དབང་བོ་དང་དྲན་པ་མི་གསལ་བར་འགྱུར་སྒང་ཡིན་ལ། སྐར་མདའ་བཞིན་དུ་གནམ་ནས་ལྟུང་ལ་ཁད་ཨང་། བདག་ནི་རེ་ཞིག་མི་རྟག་པའི་གནས་ཚུལ་བསམས་ཤིང་བསམ་མི་ཕོད་པར་གྱུར་ལ། དྲན་ཞིང་དྲན་བཞིན་ཁྱེད་གཉིས་ཀྱི་སྐུ་གམ་དུ་ལོག་ཐུབ་ན་ཅི་མ་རུང་སྙམ།
འོན་ཏེ། ནམ་རྒྱུན་ཕ་ལགས་དང་མ་ལོས་གསུངས་པའི་གཏམ་རྒྱུད་དེ་ཚོ་དྲན་བཞིན་བསམ་བློ་ཇི་ལྟར་བཏང་ཡང་། བདག་གིས་བྱིས་དུས་སུ་མཐོང་བའི་སྐར་ཚོགས་དང་འདྲ་བར་ཁྲ་ཆེམ་ཆེམ་ངང་འཚོ་དགོས་ཞེས་གསུངས་པ་དང་ཀུན་ནས་མཚུངས།
གནས་སྐབས་འདིར།བདག་གིས་སྐར་མར་ལྟ་བཞིན་ཁོང་གཉིས་དྲན་ལ། ཁོང་གཉིས་དྲན་མུར་སྐར་མར་བལྟས་པའོ།།



