数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第02版:

“རྒྱུད་གཅིག་ལམ་གཅིག”གིས་ཀྲུང་གོ་དང་ཨ་རབ་མནའ་འབྲེལ་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་སྐུལ་འདེད་བཏང་།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁེ་རོ་ནས་ཟླ7ཚེས8ཉིན་གློག་འཕྲིན་འབྱོར་གསལ། ཚེས10ཉིན་ཀྲུང་གོ་དང་ཨ་རབ་མནའ་འབྲེལ་གྱི་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་བརྒྱད་པ་པེ་ཅིང་དུ་འཚོག་རྒྱུ་ཡིན་པ་དང་སླད་ཕྱིན་ཀྲུང་གོ་དང་ཨ་རབ་མནའ་འབྲེལ་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པར་ཁ་གསལ་ལ་སྤྱོད་གོ་ཆོད་པའི་ལམ་རིས་འབྲི་རྒྱུ་རེད།

དབྱེ་ཞིབ་མི་སྣས་ད་ཐེངས་ཀྱི་ཚོགས་འདུས་ཀྲུང་གོ་དང་ཨ་རབ་མནའ་འབྲེལ་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་སྒུལ་ཤུགས་གསར་པ་བསྣན་ནས་ཀྲུང་གོ་དང་ཨ་རབ་མནའ་འབྲེལ་གྱིས“རྒྱུད་གཅིག་ལམ་གཅིག” མཉམ་སྐྲུན་བྱ་ཆེད་རྣམ་པ་གསར་པ་གསར་གཏོད་བྱེད་པ་དང་ཀྲུང་གོ་དང་ཨ་རབ་མནའ་འབྲེལ་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད་ཅེས་བསྟན་ཡོད།

མཉམ་ལས་སྦྲེལ་མཐུད།

ལོ་རྒྱུས་ཐོག་ཀྲུང་གོ་དང་ཨ་རབ་མནའ་འབྲེལ་དབར་དར་གོས་ལམ་བུར་བརྟེན་ནས་ཕན་ཚུན་རྒྱུས་མངའ་དང་འགྲོ་འོང་བྱས་པ་དང་།དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འཕེལ་རྒྱས་གཏིང་ཟབ་གཏོང་བའི་དེང་གི་ཆར་ཀྲུང་གོ་དང་ཨ་རབ་མནའ་འབྲེལ་གཉིས“རྒྱུད་གཅིག་ལམ་གཅིག” འཛུགས་སྐྲུན་གྱི་མཉམ་ལས་རོགས་ཟླ་གལ་ཆེན་དུ་གྱུར་ཡོད། ཕྱོགས་གཉིས་པོས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ཧུར་ཐག་བྱས་ཏེ་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་བྱེད་བཞིན་ཡོད།

ཁུ་ཝེ་ཐེས་ཀྲུང་གོའི་ཕྱོགས་ཀྱི“རྒྱུད་གཅིག་ལམ་གཅིག” གི་གྲོས་འགོ་དང་ལེན་ཧུར་ཐག་ཞུས་པ་དང་ཀྲུང་གོ་དང“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ཡིག་ཆའི་ཐོག་མིང་རྟགས་སྔ་ཤོས་འགོད་མཁན་རྒྱལ་ཁབ་ཀྱི་གྲས་ཤིག་རེད། ཁུ་ཝེ་ཐེའི་ཨེ་མིར་ས་པ་ཧེ་སྐབས་འདིའི་པུའུ་ཀྲང་རིམ་པའི་ཚོགས་འདུའི་འགོ་འཛུགས་མཛད་སྒོར་ཞུགས་རྒྱུ་རེད།

ས་པ་ཧེས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་ཞུ་སྐབས་ཁུ་ཝེ་ཐེའི་འཐབ་ཇུས་འཕེལ་རྒྱས་ཀྱི་འཆར་འགོད་ཀྱི་དམིགས་ཡུལ་ནི་ཁུ་ཝེ་ཐེའི་འཐབ་ཇུས་ཕྱོགས་སྒྱུར་མངོན་འགྱུར་ཡོང་བ་བྱས་ཏེ་ཁུ་ཝེ་ཐེ་འདི་ཉིད་རྒྱུ་མང་ཅན་གྱི་དཔལ་འབྱོར་སྒྲིག་གཞིར་གྱུར་བ་དང་མ་འཇོག་ཚུར་འགུགས་ཐུབ་པའི་རྒྱལ་སྤྱིའི་ཚོང་དོན་དང་དངུལ་རྩའི་ལྟེ་གནས་སུ་འགྱུར་བ་བྱ་རྒྱུ་དེ་རེད། ཀྲུང་གོའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་འབྲེལ་མཐུད་བྱས་ཚེ་ཁུ་ཝེ་ཐེའི་དམིགས་ཚད་དེ་མངོན་འགྱུར་བྱ་རྒྱུར་ཕན་ཐོགས་ཡོད་ཅེས་བརྗོད།

2016ལོར་སོ་ཏི་ཨ་རབ་ཀྱིས་རྡོ་སྣུམ་ལ་བརྟེན་རྒྱུ་ལས་གྲོལ་ནས་རྒྱུ་མང་ཅན་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི“2030ལོའི་འདུན་པ” བཏོན་པ་རེད། ལག་བསྟར་བྱེད་རིང་སོ་ཏིས་ཀྲུང་གོ་དང་མཉམ་ལས་ཧུར་ཐག་བྱེད་པ་དང་རྒྱལ་ཁབ་གཉིས་པོས་ཀྲུང་གོ་དང་སོ་ཏིའི་རིམ་པ་མཐོ་བའི་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་བཙུགས་ནས་སོ་ཏིའི “2030ལོའི་འདུན་པ”དང་ཀྲུང་གོའི“རྒྱུད་གཅིག་ལམ་་གཅིག”གྲོས་འགོ་འབྲེལ་མཐུད་བྱ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་།

ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་ཀྱི་གྲངས་གཞིའི་ནང2017ལོའི་ཀྲུང་གོ་དང་སོ་ཏིའི་ཕྱོགས་གཉིས་ཀྱི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར500ཙམ་ཟིན་ནས་དུས་མཚུངས་ལས18.3%འཕར་བ་མཚོན་ཡོད་པ་རེད།

གཉིས་ཁེ་གཉིས་ཕན།

ཀྲུང་གོ་དང་ཨ་རབ་མནའ་འབྲེལ་གྱི་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་བདུན་པ2016ལོའི་ཟླ5པར་ཁ་ཐར་གྱི་རྒྱལ་ས་ཏེ་ཧར་དུ་འཚོགས་པ་དང་ད་ཕན་ལོ་གཉིས་རིང་ཀྲུང་གོ་དང་ཨ་རབ་མནའ་འབྲེལ་གྱི་མཉམ་ལས་བྱ་འཕུར་བ་ལྟར་འཕེལ་རྒྱས་བྱུང་ཡོད་པ་རེད།

ཨ་རབ་རྒྱལ་ཁབ་མནའ་འབྲེལ(ཨ་རབ་མནའ་འབྲེལ)གྱི་དྲུང་ཆེ་གཞོན་པ་ཧུའུ་ས་མུའུ·ཀྲ་ཅི་སྐབས་འདིའི་པུའུ་ཀྲང་རིམ་པའི་ཚོགས་འདུར་ཞུགས་རྒྱུ་ཡིན་པ་དང་ཁོང་མ་ཐོན་གོང་གསར་འགོད་པའི་བཅར་འདྲི་དང་ལེན་ཞུ་སྐབས“ཀྲུང་གོས་ཕྱི་ཕྱོགས་དང་འགྲོ་འོང་བྱེད་སྐབས་ཆབ་སྲིད་ཀྱི་ཆ་རྐྱེན་འདོན་གྱི་མེད་སྟབས་ཨ་རབ་རྒྱལ་ཁབ་མང་ཆེ་བས་ཀྲུང་གོ་དང་མཉམ་ལས་བྱེད་འདོད་ཡོད”ཅེས་བརྗོད།

ཀྲ་ཅིས2017ལོར་ཨ་རབ་རྒྱལ་ཁབ་དང་ཀྲུང་གོའི་ཚོང་དོན་བསྡོམས་འབོར་ཨ་སྒོར་དུང་ཕྱུར1920ཟིན་པ་དང་ཕྱོགས་གཉིས་པོའི་ཚོང་དོན་འབྲེལ་བ་ཡག་པོ་ཡོད་སྟབས་ཚོང་དོན་སྔར་བས་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་ཡོད་ཅེས་བསྟན། “རྒྱུད་གཅིག་ལམ་གཅིག” གི་སྒྲོམ་གཞིའི་ནང་ཀྲུང་གོ་དང་ཨ་རབ་མནའ་འབྲེལ་དབར་ཕྱོགས་གཉིས་པོའི་མཉམ་ལས་རྣམ་གྲངས་གོ་རིམ་ལྡན་པའི་ངང་སྤེལ་བ་དང་ཨེ་ཅིབ་ཀྱི་སྲིད་འཛིན་རྒྱལ་ས་གསར་པའི་ཀྲུང་དབྱང་ཚོང་དོན་ཁུལ་དང་། ཀྲུང་གོ—སོ་ཏི(ཅི་ཙན) ཐོན་ལས་གླིང་། ཀྲུང་གོ —ཨ་མན(ཏུའུ་ཁུའུ་མུའུ) ཐོན་ལས་གླིང་སོགས་མཉམ་ལས་རྣམ་གྲངས་ཚང་མ་སྤེལ་འགོ་ཚུགས་པ་རེད། ཀྲུང་གོ —ཨ་མན(ཏུའུ་ཁུའུ་མུའུ) ཐོན་ལས་གླིང་འཆར་འགོད་ཐད་མ་འཇོག་བསྡོམས་མི་དམངས་ཤོག་སྒོར་དུང་ཕྱུར670བྱས་པ་དེ་ཕྱི་རྒྱལ་གྱི་མ་འཇོག་མཁན་གྱིས་ཨ་མན་དུ་མ་དངུལ་བཏང་ནས་བསྐྲུན་པའི་ཐོན་ལས་གླིང་ཆེ་ཤོས་དེ་རེད།

འབྱུང་འགྱུར་ལ་རེ་སྒུག་ཆེན་པོ་བྱེད་པ།

ཀྲུང་གོ་དང་ཨ་རབ་མནའ་འབྲེལ་གྱི་འབྲེལ་བ་འཕེལ་རྒྱས་བཏང་བ་དེས་ཕྱོགས་གཉིས་པོ་དང་། ས་ཁུལ། གོ་ལ་ཧྲིལ་པོ་བཅས་ཀྱི་བྱ་གཞག་ལ་ཕན་ཐོགས་ཡོད། ཕྱོགས་གཉིས་པོས་ཁྱབ་ཁོངས་ཁག་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་སྐས་རིམ་གསར་པ་ཞིག་ཏུ་བསླེབ་རྒྱུར་རེ་སྒུག་ཆེན་པོ་བྱེད་པ་དང་ལྷག་པར་དུ“རྒྱུད་གཅིག་ལམ་གཅིག” མཉམ་སྐྲུན་བྱེད་པའི་མཉམ་ལས་ལ་ཤུགས་སྣོན་ཆེན་པོ་རྒྱག་རྒྱུའི་རེ་བ་བྱེད་ཀྱི་ཡོད།

ཨར་ཅི་རི་ཡའི་ཆབ་སྲིད་དབྱེ་ཞིབ་མཁས་ཅན་ས་ལི་མུའུ·ཧ་མ་ཏིས་ཨར་ཅི་རི་ཡས་ཀྲུང་གོ་དང་ཁྱབ་ཁོངས་ཁག་ཐད་དང་ལྷག་པར་དུ་དཔལ་འབྱོར་ཐད་དེ་བས་སྤེལ་རེས་ཟབ་མོ་བྱེད་ཆོག་གི་ཡོད་ཅེས་བརྗོད།

མོ་རོ་ཁོའི་དཔལ་འབྱོར་མཁས་དབང་ཐ་ལི་ཁེ·མར་ཅིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེ་མོ་རོ་ཁོའི་ངོས་ནས་བརྗོད་ན་གོ་སྐབས་གསར་པ་ཞིག་རེད། མོ་རོ་ཁོ་དང་ཡོ་རོབ་མཚོ་ཁ་གཡས་གཡོན་དུ་གནས་པ་དང་ཐུན་མོང་མ་ཡིན་པའི་ས་བབ་ཀྱི་ལེགས་ཆ་ལྡན་པར་མ་ཟད་བྱང་ཚད་མཐོ་བའི་ངལ་རྩོལ་མི་འབོར་ཡང་ལྡན་ཡོད།“རྒྱུད་གཅིག་ལམ་གཅིག” འཛུགས་སྐྲུན་ནང་ཞུགས་པ་བརྒྱུད་མོ་རོ་ཁོ་འདི་ཉིད་ཡོ་རོབ་དང་ཨ་ཧྥེ་རི་ཁ་འབྲེལ་མཐུད་བྱེད་པའི་ས་ཁོངས་ཀྱི་ལྟེ་གནས་སུ་གྱུར་ནས་ཡོ་རོབ་དང་ཀྲུང་གོའི་མ་འཇོག་ཚུར་འགུག་ཐུབ་པའི་རེ་བ་ཡོད་ཅེས་བརྗོད།

གཞི་རྩའི་ཆ་ནས་ནུས་རྒྱུ་ནང་འདྲེན་ལ་བརྟེན་དགོས་པའི་ཅོར་ཏན་གྱི་ངོས་ནས་བརྗོད་ན།“རྒྱུད་གཅིག་ལམ་གཅིག” གིས་འཕེལ་རྒྱས་ཀྱི་གོ་སྐབས་མང་པོ་བསྐྲུན་པ་དང་ལྷག་པར་དུ་ནུས་རྒྱུའི་ཁྱབ་ཁོངས་སུ་གོ་སྐབས་དེ་བས་ཡག་པོ་འཕྲད་ཡོད། ཀྲུང་གོ་ཕྱོགས་ཞུགས་པའི་ཨ་ཐ་ལ་ཏེ་སྣུམ་ལྡན་རྡོ་གཡམ་གློག་ཁང་རྣམ་གྲངས་དེ་སྔོན་དཔག་བྱས་ན2020ལོར་བསྐྲུན་ཐུབ་ནས་འཁོར་རྒྱུག་བྱས་ཏེ་ལོའི་གློག་འདོན་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར37ཟིན་ནས་ཅོར་ཏན་གྱི་གློག་སྤྱོད་དགོས་མཁོ10%ནས15%བར་སྐོང་ཐུབ་རྒྱུ་རེད།

ཅོར་ཏན་གྱི་ཀྲུང་གོའི་གནད་དོན་རིགས་གཅིག་མཁས་ཅན་མར་དབུང·སུའུ་ཏ་ཧ་ཡིས་ཀྲུང་གོས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ཀྲུང་གོས་གྲོས་འགོར་སྐུལ་འདེད་གཏོང་ཆེད་འབད་བརྩོན་ཧུར་ཐག་བྱས་པས “རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་རྒྱལ་ཁབ་ཁག་གི་འཕེལ་རྒྱས་རྣམ་པར་འགྱུར་ལྡོག་ཕྱིན་ནས་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ཡར་ཐོན་ཡོང་རྒྱུ་ཡིན་པའི་ངོས་འཛིན་བྱས་སོ།།(《མི་དམངས་ཉིན་རེའི་ཚགས་པར》གྱིས་བཏོན།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-07-13 4 4 阿坝日报藏文 c61120.html 1 “རྒྱུད་གཅིག་ལམ་གཅིག”གིས་ཀྲུང་གོ་དང་ཨ་རབ་མནའ་འབྲེལ་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་སྐུལ་འདེད་བཏང་། /enpproperty-->