数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第03版:

ནུབ། (12)

བོན་སྐོར་དོན་གྲུབ་ཚེ་རིང་། (མཚོ་སྔོན་མི་རིགས་སློབ་ཆེན།)

ནམ་གསལ་བ་ན། ཞོགས་སྤྲིན་བཀླུབས་པའི་ནགས་ཚལ་དེ་ནི་བཙན་རྫོང་སྒོ་མེད་ཅིག་དང་འདྲ་ལ། མདང་ནུབ་ནགས་ཚལ་ནང་ཞག་བཞུགས་གནང་བའི་ཁོ་དང་ཁོ་མོ་ནི་བཙན་རྫོང་དེའི་ནང་གི་རྒྱལ་བོ་དང་བཙུན་མོར་ཆ་འདྲ།འོན་ཏེ། ཁོ་གཉིས་ཀྱི་ལྟོ་བ་ནི་དུས་ཚོད་ཀྱིས་སྟོངས་པར་ཕུད་པས་ཡིན་ནམ། ཁོག་ནས་འུར་ཁྲོག་མཚམས་མི་ཆད་པར་གྲག ལྟོ་བ་ནས་འུར་ཁྲོག་གྲག་པར་ཁག་མེད་དེ།དཔོན་པོས་བྱིན་པའི་བྲོ་ཁ་ཅན་གྱི་ཏ་ལེན་དེ་ཁོ་དང་ཁོ་མོ་གཉིས་ལམ་ནས་བྲོས་འོང་སྐབས་གཡུག་སོང་བས་རེད།

ལོ་ལྔའི་ཡར་སྔོན་དུ། ཁོས་ཆུང་མ་ཁྲིད་ནས་བསང་རྒན་རི་འདབས་བརྒྱུད་ནས་འགྲོ་སྐབས། ཁོ་རང་བསང་རྒན་དཔོན་པོས་ཁྱིམ་དུ་གདན་དྲངས་པ་རེད།བསང་རྒན་དཔོན་པོའི་སྲས་དེ་ལོ་གསུམ་ལ་བུད་རྗེས་རྒྱུན་དུ་གཤེགས་འགྲོ་བས། རྩིས་པ་ཞིག་གིས་ཤར་ཕྱོགས་ཀྱི་སྔགས་པ་རལ་བ་ཅན་ཞིག་ཁྱིམ་དུ་གདན་དྲངས་ཚེ་སྲས་ཀྱི་སྲི་འཛིན་ནུས་པར་བཤད། སྟབས་ལེགས་པ་ཞིག་ལ།ཁོ་ནི་ཤར་ཕྱོགས་ནས་འོང་བ་ཡིན་ལ།ཤར་ཕྱོགས་ཀྱི་སྔགས་པ་ཞིག་ཀྱང་ཡིན་པ་རེད།ཁོས་སྟག་ལྷ་མེ་འབར་སྒོམ་ནས་སྲས་ཀྱི་སྲི་འཛིན་ཐུབ་སོང་མོད།དང་ཐོག་བསང་རྒན་དཔོན་པོས་ཁོས་སྲས་ཀྱི་སྲི་འཛིན་ཐུབ་ཡོད་མེད་ལ་ཐེ་ཚོམ་སྐྱེས་པས།ཁོ་ད་དུང་ལོ་འགའ་ལ་དཔོན་པོའི་སྒར་ཁ་ནས་འདུག་དགོས་པར་བསྐུལ།

ཁེ་ཉིན་ཕྱི་དྲོར། ཁོ་བསང་རྒན་དཔོན་པོའི་སྒར་དང་གྱེས་ནས་ཅུང་ཙམ་ཕྱིན་རྗེས། བསང་རྒན་དཔོན་པོའི་ནུ་བོས་ཁོའི་ལམ་བཀག་ནས་ཁོ་ལ་ཆུང་མ་བསྐྱུར་ནས་འགྲོ་དགོས་པར་སྐུལ་ཡང་།ཁོས་ཆ་རྐྱེན་དེ་དང་ལེན་མ་བྱས་པས། མཇུག་མཐར་ཁོ་གཉིས་ཀྱིས་དམར་འཛིང་བྱས་ཏེ་དཔོན་པོའི་ནུ་བོ་དགྲོངས་པ་རེད། ཁོས་དཔོན་པོའི་ནུ་བོ་དགྲོངས་རྗེས། ར་མདར་སྐྲག་ནས་ངལ་མ་གསོས་པར་བྲོས་འོང་སྐབས། ཁོས་ལམ་བུར་ཆུང་མ་ལ་རྟའི་ཤ་ཐག་ལྕི་ཚེ་རྟ་ཡུན་རིང་བོར་རྒྱུགས་མི་ཐུབ་པས་རྟའི་ཤ་ཐག་གི་ཏ་ལེན་གཡུག་དགོས་པར་སྐུལ། ཏ་ལེན་དེ་ནི་ཁོ་དཔོན་པོའི་སྒར་དང་གྱེས་ཁར་བསང་རྒན་དཔོན་པོས་ཁོར་བྱིན་པ་རེད་ཅིང་།དེའི་ནང་དུ་བསང་རྒན་དཔོན་པོས་ཁོ་ལ་བདག་རྐྱེན་དུ་བྱིན་པའི་གསེར་དངུལ་གཡུ་བྱུར་གྱི་རྒྱན་ཆ་དང་ལམ་བྲོ་སོགས་ཡོད་པར་མ་ཟད།བསང་རྒན་དཔོན་པོའི་མངའ་ཐང་ནས་ཁོས་ས་གང་སྐྱིད་གང་བདེ་བདམས་ནས་འཚོ་བ་རོལ་ཆོག་པའི་ས་ཡིག་ཆུ་ཡིག་ཅིག་ཀྱང་བྱིན་ནས་གལ་ཏེ་ཁོ་ལ་བརྙས་བཅོས་བྱེད་མཁན་ཡོད་ཚེ་དཔོན་པོར་ཡར་ཞུ་བྱེད་དགོས་པའི་ཆོག་མཆན་ཡི་གེ་བྱིན་པ་དེ་བསྡུས་ཡོད་པ་རེད།

ཁོས་དཔོན་པོས་བྱིན་པའི་ཡི་གེ་དེ་དཔོན་པོའི་སྒར་ནས་ཡོང་ཁ་ཏག་ཏག་ལ་ཕྱིང་བའི་ཞྭ་མོ་དེའི་ནང་རོལ་དུ་འགྱིག་ཤོག་ཅིག་གི་ཁུད་དུ་གཅུད་ནས་བཙེམ་ཡོད་ཅིང་།ཞྭ་མོ་དེ་ཁ་སང་ཕྱི་དྲོར་ཇག་པ་རྟ་འདེད་ཉག་གའི་རླུང་གིས་ཁུར་སོང་བ་རེད།

རྡེའུ་འབུམ་རི་རྒྱུད་ནི་གཡུལ་ལས་རྒྱལ་བའི་དཔའ་རྒོད་ཅིག་དང་འདྲ་བར་ཀྲོང་ངེར་འགྱིང་འདུག ཞོགས་པའི་ཉི་ཟེར་ཕྲ་མོ་དེ་རྡེའུ་འབུམ་རི་རྒྱུད་ཀྱི་ཕྲག་གོང་ནས་འཛུམ་དམུལ་དམུལ་གྱིས་འཕྲོ་འོང་དུས། ནགས་ཀྱི་ལོ་མའི་སྟེང་གི་རི་མོ་མ་ལུས་ཀྱང་གསལ་བོར་མཐོང་ཐུབ་ཅིང་། ཁྱུ་དང་ཁྱུ་བྱས་ནས་གང་སར་ཞོགས་པའི་རི་དྭགས་དང་།ནགས་གསེང་གི་རྩྭ་ལྗང་མེ་ཏོག་སོགས་ཀྱང་མིག་གི་དབང་བོའི་ཡུལ་དུ་འཚང་ཁ་ཤིག་ཤིག་བྱེད་པ་ལས་ཁ་སང་ཕྱི་དྲོར་ཇག་པ་རྟ་འདེད་ཉག་གའི་འདབས་སུ་མར་བབས་པའི་ར་མདའ་དེ་ཚོ་མཐོང་རྒྱུ་མི་འདུག

སྔོ་ཡུག་ཡུག་གི་ནམ་མཁའ་ནི་གཡུ་རྡོག་སྔོན་པོ་ཞིག་མི་ཆེན་ཞིག་གི་ལག་མཐིལ་དུ་བཞག་པ་དང་འདྲ་བར་སྔོ་དྭངས་དྭངས་བྱེད། སྔོ་དྭངས་དྭངས་བྱེད་པའི་ནམ་མཁའི་འོག་ཏུ་ཤག་ཤག་བཞུར་བའི་རྨ་ཆུ་ནི་ལོ་རྒྱུས་ཀྱི་རྣམ་ཤེས་སྦྲུམ་པའི་བུ་མོ་ཞིག་དང་འདྲ་ལ། བསིལ་ཤག་ཤག་གི་བཞུར་སྒྲ་དེ་ནི་བུ་མོ་དེའི་མཚན་མ་ལས་བཞུར་བའི་ཁུ་ཁྲག་དང་འདྲ། ཁུ་ཁྲག་དེས་ནི་ནམ་ཞིག་ལ་བློ་ངོར་མི་ཤོང་བའི་གཏམ་རྒྱུད་མཚར་བོ་ཞིག་ཁྱོད་ལ་བཤད་མི་སྲིད་པའི་ངེས་པ་འདུག་གམ། རྨ་ཆུའི་ཕར་ཚུར་དུ་ནེམ་ཤུག་ཤུག་བྱེད་པའི་ནགས་ལོ་ཁ་འཕྲོད་ནས་ཡོད་ཅིང་།རྩྭ་ལྡུམ་སྣ་ཚོགས་ཀྱི་དྲི་ཞིམ་སྣ་ལ་འཚང་འོང་། མཁའ་དབུགས་བསིལ་མོ་ཞིག་གིས་ལུས་ཧྲིལ་བོར་བྱིལ་བྱིལ་གཏོང་།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-10-12 བོན་སྐོར་དོན་གྲུབ་ཚེ་རིང་། (མཚོ་སྔོན་མི་རིགས་སློབ་ཆེན།) 4 4 阿坝日报藏文 c68413.html 1 ནུབ། (12) /enpproperty-->