数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第03版:

དགའ་ཚལ་གླིང་གི་མ་བོས་ མགྲོན་པོ་།

མི་འདིས་གོ་ཆོད་པའི་བྱ་བ་ཁོ་ན་ཞིག་ལ་བརྩོན་ལེན་མི་བྱེད།

ཁོས་དོན་སྙིང་ཅན་གྱི་བྱ་བ་མི་སྒྲུབ་པར། ཉིན་གང་བོར་སྟོང་བསམ་ཁྲོད་ན་གནས་ཡོད། ཁོས་སྒྱུ་རྩལ་གྱི་རྩེད་ཆས་ཆུང་ཆུང་འགའ་བཟོས་ཤིང་། དེའི་ཁྲོད་ན་སྐྱེས་པ་དང་། བུད་མེད་དང་། སྲོག་ཆགས་ཡོད་ལ། དེ་དག་ཐམས་ཅད་ནི་སྟེང་ལ་རི་མོ་བྲིས་འདུག་པའི་འདམ་བཟོས་ཐོན་རྫས་ཏག་ཏག་ཡིན། ཁོས་རི་མོའང་འབྲི་སྟེ། དུས་ཚོད་ཚང་མ་དེ་ལྟར་དགོས་པ་མེད་པ་དང་། མཁོ་མེད་ཀྱི་བྱ་བའི་ཆེད་དུ་བརླགས་པ་ན། མི་རྣམས་ཀྱིས་ཁོ་ལ་འཕྱ་སྨོད་བྱེད་བཞིན་ཡོད། མཚམས་རེར་ཁོས་ཀྱང་དམ་བཅོས་ནས་འཆར་སྒོ་ཡ་མཚན་དེ་དག་དོར་བསམ་མོད། འོན་ཀྱང་འཆར་སྒོ་ཡ་མཚན་དག་ནི་ཁོའི་ཤ་གསེང་རུས་གསེང་དུ་འཐིམས་ཡོད།

བྱིས་པ་ཁ་ཤས་ཀྱི་སྦྱོང་བརྩོན་ལེགས་པོ་མི་བྱེད་པར་བདེ་བླག་ངང་རྒྱུགས་འཕྲོད་པ་བཞིན། མི་འདིས་ཚེ་གཅིག་པོར་མཁོ་མེད་ཀྱི་ལས་ལ་གཞོལ་མོད། ཡིན་ཡང་ཁོ་ཤི་བའི་རྗེས་ལྷ་ཡུལ་གྱི་སྒོ་ཆེན་དེ་ཁོ་ལ་སྒོ་ཡངས་པོར་ཕྱེ་ཡོད།

ཏག་ཏག་ལྷ་ཡུལ་གྱི་ལས་མཁན་གྱིས་པུར་རྩེ་སྐོར་བའི་སྐབས་གླགས་དེར། མིའི་རིགས་ལ་དོ་དམ་བྱེད་པའི་ལྷ་ཡུལ་གྱི་ཕོ་ཉ་དེས་སྟེས་དབང་གི་སྒོ་ནས་མི་དེར་ངལ་རྩོལ་གླིང་ག་ལ་རྒྱང་འབུད་དུ་བཏང་།

དགའ་ཚལ་ལ་མི་འཛོམས་པ་མེད་མོད། འོན་ཏེ་ཁོམ་ལོང་ནི་གཏན་ནས་མེད། དགའ་ཚལ་གྱི་སྐྱེས་པ་ཚོས“གནམ་རྒན་མ། ང་ཚོ་ལ་སྐད་ཅིག་ཙམ་གྱི་ཁོམ་པ་ཡང་མེད”ཅེས་ཟེར་བ་དང་། བུད་མེད་ཚོས་ཀྱང་སྡུག་སྨྲེ་འདོན་བཞིན“ཤུགས་རྒྱོབས་ཡ། དུས་ཚོད་ཀྱིས་ང་ཚོ་ལ་སྒུག་མི་སྲིད”ཅེས་ཟེར་ངེས། ཁོ་ཚོ་མི་སུ་དང་འཕྲད་ནའང“དུས་ཚོད་ནི་རིན་ཐང་བྲལ་བ”དང“ང་ཚོ་ལ་སྒྲུབ་མི་ཚར་བའི་ལས་ཀ་ཡོད། ང་ཚོས་དུས་ཚོད་སྐར་ཆ་གཅིག་ཀྱང་འཕྲོ་བརླག་ཏུ་གཏོང་མེད”ཅེས་བརྗོད་སྲིད་ལ། འདི་ལྟར་བརྗོད་པ་ན། ད་གཟོད་ཁོ་ཚོ་ང་རྒྱལ་དང་སྤྲོ་བ་འཕེལ་ངེས།

འོན་ཀྱང་གསར་དུ་ཡོང་བའི་མི་འདི། འཇིག་རྟེན་ན་ཡོད་དུས་དོན་སྙིང་ཡོད་པའི་བྱ་བ་ཕྲན་ཙམ་ཡང་མ་སྒྲུབ་པར་ཚེ་གང་བོ་བསྐྱལ་བ་ཡིན་པས། ངལ་རྩོལ་གླིང་གི་འཚོ་བའི་འགྲོ་སྟངས་ལ་གོམས་ཐུབ་མི་འདུག  ཁོ་རང་བག་ལྷོད་པར་གྱུར་ནས་སྲང་ལམ་དུ་འཆམ་འཆམ་བྱེད་ཅིང་། སྐབས་འགར་བྲེལ་བ་ཆེ་བའི་མི་རྣམས་དང་གདོང་ཐུག་རྒྱག་པ་ཡིན། ལྗང་ཐིང་ངེར་ཡོད་པའི་སྤང་ཐོག་ཏུ་ཉལ་བའི་དབང་དུ་བཏང་བའམ། ཡང་ན་དྲག་ཏུ་རྒྱུག་པའི་འབབ་ཆུ་ཞིག་གི་འགྲམ་ན་ཡོད་ནའང་། ཁོང་ཚོ་ལ་དུས་རྒྱུན་རང་དབང་བྲལ་བའི་ཚོར་བ་ཞིག་བྱུང་བ་དང་། མི་སྙིང་རུས་ཅན་དེ་ཚོའི་ཁ་རྡུང་ཉོ་བའང་སྨོས་ཅི་དགོས།

གཞོན་ནུ་མ་ཞིག་ཉིན་རྒྱུན་བྲེལ་བྲེལ་འཚུབ་འཚུབ་ངང་བཞུར་བའི་འབབ་ཆུའི་འགྲམ་ལ་ཡོང་ནས་ཆུ་ལེན་ཞིང་།གླིང་ག་འདིའི་ནང་ཐ་ན་འབབ་ཆུས་ཀྱང་སྐད་ཆེན་པོས་གླུ་དབྱངས་ལེན་པའི་སྟོབས་ཤུགས་འཕྲོ་བརླག་བྱེད་པ་མིན།

མོས་གོམ་ཆུང་དལ་གྱིས་སྤོ་ལུགས་ནི། བྱང་ཆ་དོད་པའི་སོར་མོ་ནི་པི་ཝང་གི་རྒྱུད་སྐུད་སྟེང་ན་ལྡེམ་མྱུར་གྱིས་གར་ལ་རོལ་བ་དང་། མོའི་སྐྲ་ལོ་སྔོན་ཆད་ནས་ཡ་མཚན་ཞིག་རེད། སྐྲ་ལོ་ནག་པོ་དེ་ནི་དཔྲལ་ངོས་ན་ཐུར་དུ་འཕྱང་སྟེ། ཁོའི་ནག་རིལ་རིལ་གྱི་མིག་ཆེན་པོར་ལྟ་བཞིན་ནས་གདའ།

དལ་བྲེལ་མེད་པས་མི་དེ་ཆུ་ཕྲན་གྱི་འགྲམ་དུ་ལངས་ཏེ། རྣམ་པ་འདི་དངོས་སུ་མཐོང་བ་ན། སྤྲང་བོ་ཞིག་མཐོང་བ་ལྟར་དུ། སེམས་ཁོང་ནས་གློ་བུར་ཚད་མེད་པའི་སྙིང་རྗེ་དང་གདུང་སེམས་ཆེན་པོ་སྐྱེས།

“ཀྱི-------ཧུད”བུ་མོས་དེས་སེམས་འཁུར་ངང “ཁྱོད་ལ་ལས་ཀ་ཅི་ཡང་མེད་པ་ཡིན་ནམ”ཞེས་དྲིས།

མི་དེ་ན་རེ། “ལས་ཀ ངས་དེ་སྔོན་ནས་ལས་ཀ་ལས་མ་མྱོང”ཞེས་ལན་བཏབ།

བུ་མོ་དེ་མགོ་རྨོངས་ནས་ཡང་བསྐྱར་འདི་ལྟར་བཤད། “གལ་ཏེ་ཁྱོད་རང་འཐད་པ་ཡིན་ན། ངས་ཁྱོད་ལ་ལས་ཀ་ཞིག་སྤྲོད།”

“སྒྲ་མེད་ཆུ་ཕྲན་གྱི་བུ་མོ་ལགས། ངས་ཡུན་རིང་ཞིག་ལ་ཁྱེད་ཀྱིས་ང་ལ་ལས་ཀ་ཞིག་བཀོད་སྒྲིག་བྱེད་པར་སྒུག་ནས་ཡོད།”

“ཁྱོད་ཀྱི་ལས་ཀ་ཅི་ཞིག་ལས་རྒྱུ་དགའ་མོས་ཡོད།”

“ཁྱེད་ཀྱི་ཆུ་རྫ་སྟོང་བ་ཞིག་ང་ལ་གནང་དང།”

“ཆུ་རྫ།  ཁྱོད་ཀྱིས་ཆུ་ཕྲན་འདི་ནས་ཆུ་ལེན་བསམ་ཡོད་དམ།”

“མིན། ངས་ཆུ་རྫའི་སྟེང་རི་མོ་འབྲི་བསམ་ཡོད།”

བུ་མོ་དེ་ཧ་ལས་པའི་ངང་ནས་“རི་མོ་འབྲི་རྒྱུ། ཧིན། ང་མི་ཁྱོད་དང་ལྟ་བུར་ཁ་བཙོག་བཤད་ནས་འདུག་ཁོམ་མེད། ང་འགྲོ་རྒྱུ་ཡིན།”ཞེས་བཤད་དེ་སོང་།

ཧ་ཅང་བྲེལ་བ་ཆེ་བའི་མི་ཞིག་གིས་ལས་རྒྱུ་ཅི་ཡང་མེད་པའི་མི་ཞིག་གི་ངོ་ཡ་གང་ནས་ལོན།  ཁོ་ཚོ་རྟག་ངོ་འཕྲད་ཀྱང་། ཁོས་ཉིན་རྒྱུན་མོ་ལ :“‘སྒྲ་མེད’ཆུ་ཕྲན་གྱི་བུ་མོ་ཡ། ང་ལ་ཆུ་རྫ་གཅིག་སྟེར་རོགས། ངས་དེའི་སྟེང་ལ་རི་མོ་འབྲི་དགོས”ཡིན་ཟེར། 

མཇུག་མཐར། བུ་མོ་དེས་དཀྱེལ་ཡངས་བྱེད་དེ་ཁོ་ལ་ཆུ་རྫ་གཅིག་བྱིན། ཁོས་མྱུར་མོ་བླངས་ཏེ་རི་མོ་འབྲི་མགོ་བརྩམས་ཤིང་། ཁོས་སྟེང་དུ་འབྲི་བར་བརྩམས། ཐིག་རིས་ཡང་ནས་ཡང་དུ་བྲིས། ཚོན་རྩི་བསྐྱར་ནས་བསྐྱར་དུ་བྱུགས། རི་མོ་བྲིས་ཚར་རྗེས།  བུ་མོ་དེས་ཆུ་རྫ་ཡར་བཅགས་ཏེ་ཞིབ་ལྟ་བྱེད་བཞིན་ཧད་འདུག་ཅིང་། མོས་མིག་ཟུང་རབ་རིབ་ངང་སྨིན་མ་བསྡུ་བཞིན“འདིའི་སྟེང་གི་སྐྱ་རིས་དང་ཚོན་རིས་འདི་དག་ཅི་ཡིན། ཅི་ཞིག་མཚོན་ནམ”ཞེས་དྲིས།

མི་རྒན་དེ་དགོད་ཞོར་དུ“ཅི་ཡང་མ་རེད། རི་མོ་གཅིག་གི་མ་གཞི་ནས་ཕུགས་བསྟན་གང་ཡང་མེད་ཀྱང་ཆོག་ལ། མཚོན་དོན་ཅི་ཡང་མེད་ཀྱང་རུང་།”ཞེས་བཤད།

བུ་མོ་དེས་ཆུ་རྫ་ཁུར་ནས་བུད་སོང་། རང་ཁྱིམ་དུ་ཐོན་མ་ཐག མོས་ཆུ་རྫ་དཀར་མེ་འོག་ཏུ་ཁྱེར་ཡོང་སྟེ། ཞིབ་དཔྱོད་ཀྱི་མིག་གིས། ཟུར་མང་པོ་ནས་ཡང་སྐོར་བསྐྱར་སྐོར་བྱས་ནས་དེའི་སྟེང་གི་རི་མོའི་གཟུགས་རིས་དེར་རོལ་མྱོང་བྱེད་ཀྱང་། མཚན་གུང་དུ། མོ་ཡང་བསྐྱར་ཡར་ལངས་ནས་དཀར་མེ་སྒྲོན་རྗེས། ཁ་རོག་གེར་གཟབ་ནན་ངང་ཆུ་རྫ་དེ་ལ་ཞིབ་ལྟ་བྱས། མཐར་མོས་རང་གི་ཚེ་འདིར་གང་ཡང་མིན་གང་ཡང་མི་མཚོན་པའི་དངོས་པོ་ཐོག་མ་དེ་གཞི་ནས་ཤེས་རྟོགས་བྱུང་།    

ཉིན་གཉིས་པར། མོ་ཡང་བསྐྱར་ཆུ་ཕྲན་ཁར་ཆུ་ལེན་དུ་སོང་མོད། འོན་ཀྱང་སྔོན་ཆད་དང་འདྲ་བར་བྲེལ་ཟིང་མིན་ཏེ། ཚོར་བ་གསར་བ་ཞིག་ཀྱང་མོས་སེམས་གཏིང་ནས་འབུས་བྱུང་། ཅི་ཡང་མིན་ལ་དམིགས་ཡུལ་གང་ཡང་མེད་པའི་ཚོར་བ་ཞིག

རི་མོ་བ་དེ་ཡང་ཆུ་ཕྲན་འགྲམ་ན་ལངས་ཡོད་པ་མཐོང་རྗེས། མོ་ལྷག་པར་འཚབ་སྣང་སྐྱེས་ཏེ། “ཁྱོས་ཅི་ཞིག་བྱེད་འདོད་པ་ཡིན”ཞེས་དྲིས། “ངས་ཁྱོད་ལ་ལས་ཀ་དེ་ལས་མང་པོ་ཞིག་སྒྲུབ་འདོད་པ་ཡིན”ཞེས་བཤད།

“དེ་ན་ཁྱོད་ཀྱི་ཅི་ཞིག་སྒྲུབ་པར་དགའ་བོ་ཡོད།”

“ངས་ཁྱོད་ཀྱི་སྐྲ་ལོ་ཚོན་སྐུད་གཅིག་གིས་སྡོམ།”

“ཅིའི་ཕྱིར།”

“རྒྱུ་མཚན་གང་ཡང་མེད།” 

མདུད་རྒྱབ་རྗེས། བཀྲག་མདངས་བཀྲ་ཞིང་མཛེས་ཉམས་དོད། ངལ་རྩོལ་གླིང་ག་ནང་གི་བྲེལ་བརྩོན་ཆེ་བའི་བུ་མོ་དེ་ཚོ་ཡང་། ད་ལྟ་ཉིན་རྒྱུན་དུས་ཚོད་མང་པོ་ཞིག་སྤྱད་དེ་ཚོན་སྐུད་ཀྱི་མགོ་སྐྲ་སྡོམ་པ་ཡིན། དུས་ཚོད་ནི་བཞུད་ཀྱིན་འདུག་ལ། ལས་ཀ་མང་པོ་རང་དགར་བཞག་ཡོད།

གླིང་གའི་ནང་གི་ལས་ཀའང་ས་རྒོད་དུ་ཆགས་པའི་མགོ་བརྩམས་ཤིང་། སྔོན་ཆད་གྱི་མི་སྡུག་རུས་ཅན་དེ་དག་གིས་ཀྱང་ད་ནས་བཟུང་ཁོམ་ལོང་གི་དུས་ཚོད་འཚོལ་བཞིན་འདུག ཁོ་ཚོས་རིན་ཐང་བྲལ་བའི་དུས་ཚོད་དེ་འདི་ལྟར་ཟད་གྲོན་བྱས་སོང་། དཔེར་ན། རི་མོ་འབྲི་བ་དང་འཇིམ་རྐོ་ལྟ་བུའི་བྱ་བའི་སྟེང་ནས་ཕུད་འགྲོ།  རྒན་རབས་པ་ཧ་ལས་སོང་། སྐོང་ཚོགས་ཀྱི་ཚོགས་འདུ་ཞིག་འཚོགས་ཤིང་།  ཁོ་ཚོས་མགྲིན་གཅིག་ཏུ་གནས་ཚུལ་འདི་ལྟ་བུ་གླིང་གའི་ནང་སྔར་བྱུང་མ་མྱོང་ཞེས་བཤད།

ལྷ་ཡུལ་གྱི་ཕོ་ཉ་དེའང་བྲེལ་འཚུབ་འཚུབ་ཏུ་གྱུར་ནས། རྒན་པ་རྣམས་ལ་གུས་ཕྱག་ཕུལ་ཞོར། དགོངས་དག་ཞུ་ཞོང་། “ངས་མི་ཞིག་ནོར་ཏེ་གླིང་ག་འདིར་ཁྲིད་པས། ཐམས་ཅད་ཁོ་ལན་སོང་”ཞེས་བཤད།

མི་དེ་ཡར་བོས་ཡོང་ལ། ཁོ་རང་ནང་དུ་འཛུལ་མ་ཐག རྒན་རབས་པ་དག་གིས་ཐད་ཀར་དོ་སྣང་སྒོས་ཁོའི་ཡ་མ་བརླའི་གྱོན་པ་དང་། སྤུས་དག་གི་འབྲི་སྨྱུག། རི་མོ་བྲི་གདན་ལ་མཉམ་འཇོག་བྱས་ཏེ། ཁོ་ནི་གླིང་ག་འདིའི་ནང་མཁོ་བའི་མི་དེ་རིགས་མ་ཡིན་པའང་ལམ་སང་རྟོག་སོང་། 

འགོ་བའི་དེས་གཟབ་ནན་ངང་ན་རེ།“ས་འདིར་ཁྱོད་འདུག་ས་ཞིག་མ་རེད། མྱུར་དུ་་མར་སོང་།”ཞེས་བཤད།

མི་དེ་བག་ལྷོད་ནས་དབུགས་དབྱུང་ཐེངས་གཅིག་བྱས་ནས། རང་ཉིད་ཀྱི་རི་མོའི་འབྲི་སྨྱུག་དང་། རི་མོའི་བྲི་གདན་སྡུད་གསོག་བརྒྱབ། མི་འགྱངས་པར་འགྲོ་རྩིས་བྱེད་སྐབས། བུ་མོ་སྟེ་བྱ་འཕུར་བ་ལྟར་བརྒྱུགས་འོང་ནས“ང་ལ་སྒུགས་དང་། ང་ཁྱོད་དང་མཉམ་དུ་འགྲོ་རྒྱུ་ཡིན”ཞེས་བཤད། 

རྒན་རབས་པ་དག་ཧ་ལས་སོང་། ངལ་རྩོལ་གླིང་ག་འདིར་སྔོན་ཆད་བྱ་བ་འདི་འདྲ་གཏན་ནས་བྱུང་མ་མྱོང་ཡ། ཅི་ཡང་མིན་ལ། རྒྱུ་མཚན་གང་ཡང་མེད་པའི་བྱ་བ་ཞིག

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-12-11 ཨོ་རྒྱན་ཚེ་བརྟན།【ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་།】 4 4 阿坝日报藏文 c71737.html 1 དགའ་ཚལ་གླིང་གི་མ་བོས་ མགྲོན་པོ་། /enpproperty-->