数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

ལས་བྱེད་པ་དང་མང་ཚོགས་བར་གྱི་བརྩེ་བ་ཆུ་དང་ཉ་མོ་བཞིན།

རྔ་བ་རྫོང་གིས་འབྲེལ་འདྲིས་གཉིས་དང་སྒྲོག་པ་གཅིག་གི་མང་ཚོགས་ལས་ཀ་སྤེལ་ཚུལ་བཀོད་པ།

འབྲེལ་འདྲིས་གཉིས་དང་སྒྲོག་པ་གཅིག་གི་མང་ཚོགས་ལས་ཀ་ཀུན་ལ་ཁྱབ་པར་མང་ཚོགས་ཀྱི་ལས་ཀ་གཙོ་བོར་འཛིན་དགོས་ཞེས་པ་ནི་ན་ནིང་གི་ཟླ11པའི་ཚེས28ཉིན། འབྲེལ་འདྲིས་གཉིས་དང་སྒྲོག་པ་གཅིག་གི་མང་ཚོགས་ལས་ཀ་ཀུན་ལ་ཁྱབ་པའི་སྐུལ་སློང་ཚོགས་འདུ་ལས་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གིས་གསུངས་པའི་ཚིག་ཅིག་ཡིན་ལ། དེ་དང་སྦྲགས་ནས་ཚོགས་ཆེན་ལས་གསལ་བོར་བསྟན་དོན། འབྲེལ་འདྲིས་གཉིས་དང་སྒྲོག་པ་གཅིག་གི་མང་ཚོགས་ལས་ཀ་ཀུན་ལ་ཁྱབ་པར་བྱས་ཏེ། 2021 ལོར་བསླེབ་དུས་སུ། ཁུལ་ཡོངས་ཀྱི་སྤྱི་ཚོགས་སྔར་བས་བརྟན་བརླིང་དང་། ཏང་དང་མང་ཚོགས་བར་གྱི་འབྲེལ་བ་སྔར་བས་དམ་ཟབ། མི་དམངས་ཀྱི་འཚོ་བར་སྔར་བས་བདེ་སྐྱིད་ལྡན་པ། སྤྱི་ཚོགས་ཀྱི་དེང་རབས་བཅོས་སྐྱོང་མ་ལག་སྔར་བས་འཐུས་ཚང་པ། མི་རིགས་སོ་སོའི་མི་དམངས་ཀྱིས་ཐུན་མོང་ངང་མཐུན་སྒྲིལ་འབད་བརྩོན་དང་དར་རྒྱས་གོང་འཕེལ་ཡོང་བའི་རྣམ་པ་སྔར་བས་སྲ་བརྟན་ཡིན་དགོས།

དམིགས་ཡུལ་གཏན་དུ་ཕབ་པ་དང་ཁ་ཕྱོགས་གསལ་བོ་བཏོན་ཟིནཔས། དོན་འཁྱོལ་གཙོ་གནད་དུ་འཛིན་པ་ཤིན་ཏུ་གལ་ཆེ། རྔ་བ་རྫོང་གིས་ཁུལ་ཡོངས་ཀྱི་འབྲེལ་འདྲིས་གཉིས་དང་སྒྲོག་པ་གཅིག་གི་ལས་ཀའི་དམིགས་འབེན་དང་ལས་འགན་གྱི་རྗེས་སུ་དམ་པོར་བསྙེགས་ཤིང་། རྒྱལ་གཅེས་དང་། མཐུན་སྒྲིལ། ཁྲིམས་བཀུར། དྲིན་གཟོ་སོགས་བརྗོད་བྱ་གཙོ་བོར་བཟུང་ནས། རིམ་པ་ཁག་གི་ལས་བྱེད་པར་ཧུར་ཐག་གིས་སྐུལ་སློང་བྱས་ཏེ། ལས་ཁུངས་ནས་མང་ཚོགས་ཀྱི་ཁྲོད་དུ་འགྲོ་བ། གཞི་རིམ་དུ་ཟབ་ཞུགས་བྱས་ནས་མང་ཚོགས་ཀྱི་གནས་ཚུལ་དང་དམངས་འདུན་རྒྱུས་བླངས་ནས། དམངས་ཀྱི་དཀའ་ངལ་སེལ་ཞིང་དམངས་ཀྱི་བློ་ཡིད་ཚིམ་པར་བྱས་པས། ལས་བྱེད་པ་དང་མང་ཚོགས་བར་གྱི་བརྩེ་བ་སྔར་ལས་ཟབ་ཏུ་སོང་ཡོད།

དམངས་ཀྱི་གནས་ཚུལ་དང་འདོད་བློ་རྟོགས་ནས་དམངས་སེམས་དང་ཉེ་བར་བཅར་བ།

ཟ་མ་ཨེ་ཟོས། དྲོད་ཁང་འགྲུབ་ཡོད་པས་ད་ལོར་ཕྱུགས་ཟོག་ཤི་ཚད་ཉུང་དུ་སོང་ཡོད་དམ། འཚོ་བའི་ཁྲོད་ཀྱི་དཀའ་ངལ་གང་ཞིག་ལ་ང་ཚོས་རོགས་ནས་ཐག་གཅོད་དགོས་སམ། ཅི་འདྲའི་ཡིད་ལ་འབབ་ལ་དོན་དངོས་ཀྱི་སེམས་ཁུར་ཞིག་རེད་ཨང་། ཉིན་བསྟུད་མར་རྔ་བ་རྫོང་གི་རིམ་པ་ཁག་གི་ཏང་ཡོན་ལས་བྱེད་པ་གཞི་རིམ་དང་རོང་འབྲོག་པའི་ཁྱིམ་དུ་སོང་ནས་ཁ་བརྡ་བྱེད་ཞོར་དུ་དམངས་ཀྱི་གནས་ཚུལ་དང་དམངས་འདུན་རྒྱུས་བླངས་པ་རེད།

རྨེའུ་རུ་མའི་གྲོང་རྡལ་ཉག་སྐོར་མ་སྡེ་བའི་སྡེ་མི་ཡེ་ཤེས་རྡོ་རྗེས་གསར་འགོད་པར་བཤད་པར། ད་ལྟ་འཚོ་བ་ཇེ་ལེགས་སུ་སོང་བ་དང་། རང་ཉིད་ཀྱི་བསམ་ཚུལ་དང་དགོས་མཁོ་ཡང་བཤད་ས་ཡོད། འདི་དག་ཚང་མ་ངའི་གྲོགས་མཆོག་གི་བཀའ་དྲིན་ཡིན། ཡེ་ཤེས་རྡོ་རྗེས་བཤད་པའི་གྲོགས་མཆོག་དེ་ནི་ཁོའི་རོགས་སྐྱོར་ལས་བྱེད་པ་ལི་ཧུའེ་ཅའོ་ཡིན། རོགས་སྐྱོར་ལས་བྱེད་པ་ལི་ཧུའེ་ཅའོ་ཡེ་ཤེས་རྡོ་རྗེའི་ཁྱིམ་དུ་ཐེངས་མང་པོར་སོང་ནས་ཁོ་ཚང་གི་འཚོ་བའི་དཀའ་ངལ་རྒྱུས་ལོན་དང་། འབྱུང་འགྱུར་ལ་བསམ་བློ་གཏོང་རོགས་བྱས།

རྔ་བ་རྫོང་གིས་ཁ་གཏད་མཉམ་འབྲེལ་ལམ་སྲོལ་བཟོས་ཤིང་འཐུས་ཚང་དུ་བཏང་བ་དང་། ཁ་གཏད་རོགས་སྐྱོར་ལས་ཀ་ཏན་ཏིག་གིས་བསྒྲུབས་ཏེ། ཏང་ཡོན་ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་ཇེ་ཟབ་ཇེ་དམ་དུ་སོང་ཞིང་། རིམ་པ་ཁག་གི་དབུལ་སྐྱོར་ལས་བྱེད་པའི་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་ཡུལ་ཚོ་དང་གྲོང་རྡལ་གྱི་ཏང་ཨུ་དང་སྲིད་གཞུང་དང་སྡེ་བའི་ཨུ་ལྷན་གཉིས་དང་མཉམ་དུ་ཁོངས་གཏོགས་ཁུལ་གྱི་རོང་འབྲོག་ཁྱིམ་ཚང་རེ་རེ་བཞིན་ཤན་འབྱེད་བྱས་ནས་རིགས་དབྱེ་བྱས་པ་དང“7 + 4”རིགས་ཀྱི་རོང་འབྲོག་ཁྱིམ་ཚང་གི་ཆ་འཕྲིན་རྩིས་ཐོ21 དགར་ལ། དམངས་འཚོ་དང་འཕེལ་རྒྱས། བརྟན་ལྷིང་བཅས་བཙུགས་པའི་རྩིས་ཐོ88བཟོས།

ཨ་ནེ། ད་བར་ཁྱེད་ཀྱི་ལུས་པོ་ཅི་འདྲ་རེད། ཁྱེད་ཀྱིས་ད་ལྟ་དབང་པོ་སྐྱོན་ཅན་སྐོར་གྱི་སྲིད་ཇུས་གང་དག་རོལ་ཡོད་དམ་ཞེས། རྒྱ་སྟོད་ཡུལ་ཚོའི་ལས་བྱེད་པ་ཚུལ་ཁྲིམས་ཀྱིས་ལོ་ན་85སོན་པའི་རྒན་པ་གཡང་ལྷའི་ཁྱིམ་ནས་ངག་འཇམ་པོའི་སྒོ་ནས་དེ་ལྟར་དྲིས་བྱུང་། ཚུལ་ཁྲིམས་ཀྱིས་གསར་འགོད་པར་བཤད་པར། རྒན་པ་ཁོར་བུ་དང་བུ་མོ་གཅིག་ཀྱང་མེད་པས་ང་ནི་ཁོའི་གཉེན་མི་ཡིན། ཉིན་རྒྱུན་རྒན་པའི་ཁྱིམ་དུ་འཚམས་འདྲིར་འགྲོ་བ་ནི་ཚུལ་ཁྲིམས་ལ་མཚོན་ན་གོམས་ལོབས་སུ་གྱུར་ཡོད། གཡང་ལྷས་གསར་འགོད་པར་ད་ལྟ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག ངའི་འཚོ་བ་ཤིན་ཏུ་སྐྱིད་ཀི ཏང་གི་སྲིད་ཇུས་བཟང་བོར་བཀའ་དྲིན་ཆེ་ཞེས་བཤད།

ཏང་གི་མང་ཚོགས་ལས་ཀ་ཡག་པོར་བསྒྲུབ་ཆེད། རྔ་བ་རྫོང་གིས་སྲིད་དོན་དམངས་ལ་འདྲི་བ་དང་མཁོ་དགོས་དམངས་ལ་འདྲི་བ། ཐབས་ཇུས་དམངས་ལ་འདྲི་བ་བཅས་རྒྱུན་འཁྱོངས་བྱས། ཁྱིམ་ཚང་རེ་རེར་སོང་ནས ངོ་ཐུག་གདོང་འཕྲད་དང་གཅིག་སེམས་གཅིག་ལ་གཏད་ནས་གླེང་མོལ་བྱས། མང་ཚོགས་ཀྱི་དགོས་མཁོ་དུས་ཐོག་ཏུ་ཤེས་ལ། མང་ཚོགས་ཀྱིས་དོ་སྣང་བྱེད་པའི་བྱ་བ་དུས་ཐོག་ཏུ་བསྒྲུབས་ལ། མང་ཚོགས་ཀྱི་སྐྱོན་བརྗོད་དང་ལྟ་སྐུལ་དང་ལེན་བྱས།

(པར་ངོས་གཉིས་པར་གཟིགས།)

(པར་ངོས་དང་པོར་མཐུད།)

དམངས་ཀྱི་དཀའ་ངལ་བསལ་ནས་དམངས་ཀྱི་འདོད་བློ་བསྐང་།

ངའི་གཉེན་ཉེ་རྣམས་སླེབས་བྱུང་། ང་ལ་ལྟ་རུ་སླེབས་བྱུང་། ཁར་ས་ཡུལ་ཚོ་ཡ་མགོ་སྡེ་བའི་ད་ལོར་ལོ62 ལ་བསླེབས་པའི་རྒན་པོ་དམེ་སྟོབས་ཀྱིས་ཧ་ཅང་སེམས་འགུལ་ཐེབས་བཞིན་དུ་དེ་ལྟར་བཤད། རྒན་པོས་བཤད་པའི་གཉེན་ཉེ་ནི་རྔ་བ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ལས་བྱེད་པ་དང་ལས་བཟོ་བ་དག་ཡིན་ལ། ཟླ2 པའི་ཚེས20 ཉིན། རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཁར་ས་ཡུལ་ཚོ་ཡ་མགོ་སྡེ་བར་བསྐྱོད་ནས་འབྲེལ་འདྲིས་གཉིས་དང་སྒྲོག་པ་གཅིག་དང་རིགས་མཐུན་རོགས་སྐྱོར་གྱི་འཚམས་འདྲི་བྱེད་པའི་ལས་ཀར་ཞུགས་ནས། སྡེ་མི་རྣམས་ཀྱི་དོན་དངོས་ཀྱི་དཀའ་ངལ་ལ་རྒྱུས་ལོན་དང་། ལས་ཞུགས་དབུལ་སྐྱོར་སོགས་དང་འབྲེལ་ཡོད་ཀྱི་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་དང་། རང་སྟོབས་རང་སྤེལ་དང་དབུལ་བྲལ་ཕྱུག་བསྒྱུར་བྱ་རྒྱུར་སྐུལ་མ་དང་རྒན་རྒོན་ལ་རྐུབ་སྟེགས་འཁོར་ལོ་ཅན་བསྐྱལ་བ་རེད།

རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ལས་དོན་མི་སྣས་བཤད་པར། ང་ཚོས་རྒན་རྒོན་ཚོའི་དངོས་ཡོད་དཀའ་ངལ་ཤེས་རྗེས། ང་ཚོར་དུས་ཐོག་རྐུབ་སྟེགས་འཁོར་ལོ་ཅན་ཉོ་སྒྲུབ་བྱས་ཏེ། ཁོ་ཚོར་བསྐྱལ་བ་ཡིན། མི་དམངས་ཀྱི་སྤྱི་ཞབས་པས་མི་དམངས་གི་ཆེད་དང་མི་དམངས་མང་ཚོགས་ནི་ང་ཚོའི་གཉེན་ཉེ་ཡིན། ང་ཚོས་བློ་གཅིག་སེམས་གཅིག་གིས་གཉེན་ཉེ་ཚོར་ཞབས་འདེགས་ཡག་པོ་ཞུ་དགོས།

མང་ཚོགས་དང་རིགས་མཐུན་རོགས་སྐྱོར་བྱེད་པར་སྡེ་བ་གཅིག་དང་ཁྱིམ་ཚང་གཅིག་ཀྱང་མ་ལུས་པར། རྫོང་དེས་ཡུལ་གྲོང་ལས་བྱེད་པ758དང་སྡེ་བའི་ལས་བྱེད་པ528ཀྱིས་ཀུན་ལ་ཁྱབ་པའི་རོང་འབྲོག་ཁྱིམ་ཚང14605ལ་མཉམ་འབྲེལ་གྱི་རྨང་གཞིའི་ཐོག་ཡུལ་ཚོ་རིམ་པའི་གཅིག་གྱུར་འཆར་འགོད་ལྟར། ཐག་ཉེ་སའི་འབྲེལ་བའི་རྩ་དོན་ལྟར། རྫོང་རིམ་པའི་འགོ་ཁྲིད40དང་རྫོང་རིམ་པའི་ལས་ཁུངས་ཀྱི་ལས་བྱེད་པ906 གིས་ཁྱིམ་ཚང་དབུལ་བོ3330 དང་དབུལ་པོ་མིན་པའི་ཁྱིམ་ཚང3277ལ་རིགས་མཐུན་རོགས་སྐྱོར་མཉམ་འབྲེལ་བྱས་ནས། དུད་ཚང་དབུལ་པོ་དང་ཕ་མ་ཡ་གཅིག་ལས་མེད་པའི་ཁྱིམ་ཚང་། དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་། འགན་ལེན་ལྔའི་ཁྱིམ་ཚང་སོགས་དམིགས་བསལ་ཁྱིམ་ཚང་རིགས་བདུན་ཚང་མ་རིགས་མཐུན་རོགས་སྐྱོར་དུ་ཚུད་ཡོད།

འབྲེལ་འདྲིས་གཉིས་དང་སྒྲོག་པ་གཅིག་གི་མང་ཚོགས་ལས་དོན་སྤེལ་ཚུན་ནས། རྔ་བ་རྫོང་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཁྱིམ་ཚང་ཁྲི1.2 ལྷག་ལ་འཚམས་འདྲི་བྱས་པར། རིན་གོང་སྒོར་ཁྲི78.2ཀྱི་འཚམས་འདྲིའི་དངོས་རྫས་སྤྲད་ནས། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་དཀའ་ངལ184ཐག་གཅོད་དང་། འགལ་ཟླ་རྩོད་གླེང60ལྷག་འདུམ་འགྲིག་བྱས་ཡོད།

བྱ་བ་ཆུང་ཆུང་རེ་རེ་དོན་ཐོག་ཏུ་རེ་རེ་བཞིན་འཁྱོལ་བར་བྱས་ལ། དོན་དག་དཀའ་མོ་དག་རེ་རེ་བཞིན་ཐག་གཅོད་བྱས་ཏེ། རྔ་བ་རྫོང་གི་ཏང་ཡོན་ལས་བྱེད་པས་དམངས་ཀྱི་དཀའ་ངལ་བསལ་ནས་དམངས་ཀྱི་འདོད་བློ་བསྐངས་སོ།།

(གསར་འགོད་པ་ཚེ་དཔག་ལྷ་མོ།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2019-04-23 རྔ་བ་རྫོང་གིས་འབྲེལ་འདྲིས་གཉིས་དང་སྒྲོག་པ་གཅིག་གི་མང་ཚོགས་ལས་ཀ་སྤེལ་ཚུལ་བཀོད་པ། 4 4 阿坝日报藏文 c79294.html 1 ལས་བྱེད་པ་དང་མང་ཚོགས་བར་གྱི་བརྩེ་བ་ཆུ་དང་ཉ་མོ་བཞིན། /enpproperty-->