数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第02版:

བགྲང་བྱ་བཅུ་ཕྲག་ལྷག་གི་འབད་འབུངས་ཀྱིས།།ཐན་སྐམ་ཁུལ་ལ་ལྗང་མདོག་བསྐྲུན་པར་རེ།།

ལིས་རྫོང་ཕུའུ་ཆི་ཡུལ་ཚོའི་ཧོ་པ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཧྲའོ་ཧྲུའུ་ཁང་གིས་ཐན་སྐམ་བཅོས་སྐྱོང་བྱས་ཚུལ་རགས་བཀོད།

ལོ་རེའི་ཟླ་བ3པའི་ཟླ་འགོ་ནས་ཟླ་བ5པའི་ཟླ་མཇུག་གི་བར་ནི། སི་ཁྲོན་ནུབ་བྱང་མཐོ་སྒང་གི་ཐན་སྐམ་རོང་ཁུལ་དུ་སྡོང་འཛུགས་ནགས་སྐྲུན་བྱེད་པའི་དུས་སྐབས་འགངས་ཆེན་ཞིག་ཡིན།

སྐབས་འདིར་འདེབས་འཛུགས་བྱས་པའི་སྡོང་བོ་ནི་སྐྱེ་འཚར་ཐུབ་ཚད་ཆེས་མཐོན་པོ་ཡིན་ཞེས་ཐན་སྐམ་རོང་ཁུལ་གྱི་བཅོས་སྐྱོང་པ་ཧྲའོ་ཧྲུའུ་ཁང་གིས་བཤད། བགྲང་བྱ་བཅུ་ཕྲག་ལྷག་གི་ཉམས་མྱོང་གིས་ཁོས་སྡོང་ཕྲུག་ཅིག་ལ་བལྟས་པ་ཙམ་གྱིས་དེ་བཏབ་ན་སྐྱེ་ཐུབ་མིན་ཐག་ཆོད་པའི་ཤེས་པ་ཁྱད་པར་བ་ཞིག་འབྱོར་འདུག ཧྲའོ་ཧྲུའུ་ཁང་ནི་སྔོན་ཆད་ལིས་རྫོང་གི་ཕུའུ་ཆི་ཡུལ་ཚོའི་ཧོ་པ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིན། ཁོས་གསར་འགོད་པར་བཤད་རྒྱུར། ཁོས་ཆེས་མཐོང་ན་འདོད་པའི་གནས་ཚུལ་དེ་ནི། སྐྱ་ཐེར་ཐེར་གྱི་ཐན་སྐམ་རོང་ཁུལ་ལྗང་མདོག་གི་སྡོང་བོས་གཡོགས་རྒྱུ་དེ་རེད།

འཕྲང་གཟར་འགག་ལ་བགྲོད་པར་མི་སྐྲག་ཀྱང་།། སྡོང་ཕྲུག་ནོར་གྱིས་བརྫི་བར་ཤིན་ཏུ་སྐྲག།

2003ལོར། ཧྲའོ་ཧྲུའུ་ཁང་གིས་ཆེས་ཐོག་མར་སྡེ་བའི་ཐན་སྐམ་རོང་ཁུལ་གྱི་བཅོས་སྐྱོང་ལས་གཞི་ཞིག་ལ་འགན་ཁུར་ཅིང་། སྡེ་མི100ལྷག་ཁྲིད་དེ་མུའུ1500ལྷག་གི་ས་ལ་རྨིན་ཅང་གསོམ་ཤུག་དང་ཚེར་ཅན་ཚོས་སེར་གྱི་སྡོང་བོ་བཙུགས། སྡོང་ཕྲུག་དག་བདེ་ལེགས་ངང་སྐྱེས་པས་ཁོ་རང་དགའ་སྤྲོ་རབ་ཏུ་སྐྱེས། ཡིན་ནའང་། སྡེ་བའི་ནང་དུ་ནོར་ལུག་བརྒྱ་ཕྲག་ལྷག་འཚོས་ཡོད་པས་སྡོང་ཕྲུག་ལ་གནོད་པ་ཆེན་པོ་ལྡན།

ཧྲའོ་ཧྲུའུ་ཁང་གིས་གསར་འགོད་པར་བཤད་རྒྱུར། སྡོང་ཕྲུག་དག་སྐྱེ་འཚར་ལེགས་པོར་ཡོང་ཆེད། ང་ཚོས་རྒྱུན་དུ་ནོར་ལུག་འགོག་དགོས། ནོར་ལུག་དེའི་ཕྱོགས་སུ་སོང་ཚེ་ཕར་འདེད་དགོས་པ་རེད་ཟེར། དེ་ལྟར། དུས་ཡུན་དེའི་རིང་ལ། ནོར་ལུག་འདེད་པ་ནི་ཁོས་ཉིན་རེར་ངེས་པར་བསྒྲུབ་དགོས་པའི་ལས་ཀ་ཞིག་རེད། ཐ་ན་ལོ་སར་གནམ་གང་གི་སྐབས་སུ་ཡང་དེར་འགྲོ་དགོས།

དེ་ལྟར་ན་ཡང་། ནོར་ལུག་བདའ་བ་དེས་སྡེ་དམངས་རྣམས་ཀྱིས་ཁོ་ལ་ལེ་བདའ་དང་འཁང་ར་ཡང་བྱས་ཡོད་པ་རེད། སྡོང་ཕྲུག་ལ་སྲུང་སྐྱོང་ལེགས་པོ་བྱ་ཆེད། ཁོས་གོང་མཐོན་པོ་བྱིན་ནས་སྡེ་དམངས་རྣམས་ལ་ནོར་ལུག་འཚོ་མཁན་གྱི་མི་གླས་པ་རེད། དམིགས་ཡུལ་ནི་ནོར་ལུག་རྣམས་སྡོང་བོ་འདེབས་འཛུགས་བྱེད་ས་རུ་སོང་ནས་སྡོང་ཕྲུག་སོགས་མི་ཟ་བའི་ཆེད་དུ་རེད། ཁོས་ད་དུང་སྡོང་བོ་འཛུགས་ཡུལ་གྱི་ནོར་ལུག་རྣམས་ལ་ཁྲོམ་རའི་རིན་གོང་ལས་ལྷག་པའི་གོང་བྱིན་ཏེ་ཉོས་ཤིང་། དེ་ནས་ཡུལ་གཞན་པའི་མིར་ཁྲོམ་རའི་རིན་གོང་ལྟར་བཙོངས་པའི་དོན་དག་ཀྱང་བྱུང་མྱངས།

གཡང་གཟར་དང་འགག་དོགས་མོར་སོང་ནས་སྡོང་བོ་འཛུགས་པར་ང་མི་སྐྲག་མོད། ང་རང་ཆེས་སྐྲག་ས་ནི་ནོར་ལུག་གིས་སྡོང་ཕྲུག་ལ་རྡོག་བརྫིས་བྱེད་པ་དེ་ཡིན། འདི་ནི་ཆེས་དཀའ་བའི་གནད་དོན་ཞིག་རེད་ཅེས་ཧྲའོ་ཧྲུའུ་ཁང་གིས་བཤད། ཐན་སྐམ་རོང་ཁུལ་བཅོས་སྐྱོང་ས་ཁུལ་དུ་ནོར་ལུག་འཚོ་མི་ཆོག་པ་ལག་བསྟར་བྱེད་རྒྱུར་ཆེས་ཕན་པའི་ཐབས་མཆོག་དེ་ཡིན་ལ། ཁོས་ནམ་ཡང་འབོད་སྐུལ་བྱེད་བཞིན་པའི་དོན་དག་ཀྱང་དེ་ག་རང་ཡིན།

སྡོང་འཛུགས་མྱུག་གསོའི་བྱ་བཞག་གོང་དུ་སྤེལ་བཞིན་དུ།2018ལོ་ལ་ས་མུའུ་ཁྲི་ལ་སྡོང་བོ་བཏབ།

ཐན་སྐམ་རོང་ཁུལ་དུ་སྡོང་འཛུགས་ནགས་སྐྲུན་བྱེད་པ་ནི་ལས་དོན་སླ་མོ་ཞིག་མིན་ལ། གསོན་ཚད་ཀྱང་དམའ། དེར་བརྟེན། ཧྲའོ་ཧྲུའུ་ཁང་གིས་སྡོང་ཕྲུག་གསོ་སྐྱོང་གི་ལས་གཞིའི་རྣམ་གྲངས་ཤིག་བསྒྲུབས་པ་རེད། དང་ཐོག ཁོས་སྡེ་བའི་ནང་ནས་ས་མུའུ3གླས་ཏེ། རྨིན་ཅང་གསོམ་ཤུག་དང་སྒྲོན་ཤིང་གསོ་སྐྱོང་དང་དེའི་སྐོར་ལ་སློབ་སྦྱོང་བྱས་པ་རེད། ཁོས་བཤད་རྒྱུར། སྐབས་དེར་ལས་གཞིའི་རྣམ་གྲངས་འདི་ནི་ལེགས་པོ་ཞིག་རེད་སྙམ་ལ། སྡོང་ཕྲུག་གསོ་སྐྱོང་ལེགས་པོ་བྱས་རྗེས་སྲིད་གཞུང་ལ་བཙོངས་ཏེ་བཙུགས་ཆོག་པར་མ་ཟད་སྒོར་མོ་ཡང་བཙལ་ཐུབ་ཟེར།

ཉམས་མྱོང་གིས་དབུལ་བའི་རྐྱེན་གྱིས། གསོ་སྐྱོང་བྱས་པའི་སྡོང་ཕྲུག་ཡོད་ཚད་སྐམ་ནས་སྐྱེ་འཚར་བྱུང་མ་ཐུབ་པར། སྒོར་མོ་ཁྲི3ལྷག་གི་གྱོང་རེག་པ་རེད། ཕམ་ཁ་ཐེངས་རེ་ཉོས་པ་དེས་ཧྲའོ་ཧྲུའུ་ཁང་གི་བློ་རྩ་བརྟན་མོར་གཡོ་འགུལ་གཏོང་མ་ཐུབ་པར། སྔར་ལས་ལྷག་པའི་བརྩོན་པ་ཡིས་ལས་ཀ་དེ་ཡི་མཇུག་བསྐྱངས། ལི་རྫོང་གི་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ལག་རྩལ་མཛུབ་སྟོན་དང་ཕྱི་ཕྱོགས་སུ་སོང་ནས་གསོ་སྦྱོང་སློབ་ཁྲིད་བཅས་ལ་ཉན་རྗེས། ཁོས་སྡོང་ཕྲུག་ཇི་ལྟར་གསོ་སྐྱོང་བྱེད་དགོས་པ་ཤེས་པར་མ་ཟད། སྐྱེ་འཚར་ཐུབ་ཚད90%ཡི་གོང་དུ་མཐོར་འདེགས་བཏང་།

ད་སྐབས་ཁོས་རྔ་བ་ཁུལ་དུ་རྒྱ་ཁྱོན་ས་མུའུ7ཡོད་པའི་མྱུག་གསོའི་རྟེན་གཞི་བཙུགས་ཡོད་པར་མ་ཟད། ཁྲེང་ཏུའུ་གྲོང་ཁྱེར་པི་ཏུའུ་ཁུལ་ཐང་ཁྲང་གྲོང་རྡལ་དུ་ཡང་མུའུ10ལྷག་གི་མྱུག་གསོའི་རྟེན་གཞི་བཙུགས་ཡོད་ལ། དེ་དག་ཡོད་ཚད་ནི་ཐན་སྐམ་རོང་ཁུལ་བཅོས་སྐྱོང་བྱེད་པར་བཀོལ་བ་རེད།

སྡོང་བོ་ནི་བཏབ་པ་ཙམ་གྱིས་འཐུས་སོང་བ་ཞིག་མ་ཡིན་པར། དེ་ནི་འདེབས་འཛུགས་དང་གཉོར་སྐྱོང་གཉིས་འབྲེལ་གྱིས་གྲུབ་པ་ཡིན་ལ། ལོ5ཡི་རྗེས་སུ་སྡོང་བོ་དངོས་སུ་མཐོང་རྒྱུ་ཡོད་ན། ལས་ཀ་དེ་ད་གཟོད་ལེགས་གྲུབ་བྱུང་ཅེས་ཧྲའོ་ཧྲུའུ་ཁང་གིས་གསར་འགོད་པར་བཤད། ཐན་སྐམ་རོང་ཁུལ་དུ་བཙུགས་པའི་སྡོང་བོ་ལ་གཉོར་སྐྱོང་བྱེད་དགོས་ན་ཆེས་དཀའ་བ་ནི་ཆུ་གཏོང་རྒྱུ་དེ་རེད། ཆུ་གཏོང་རྒྱུའི་ཆེད་དུ་ཁོ་ཚོས་སྤྱི་ལེ10ལྷག་གི་ས་ནས་ཀྱང་ཆུ་ཁུར་མྱངས།

བགྲང་བྱ་བཅུ་ལྷག་གི་རིང་ལ། ཧྲའོ་ཧྲུའུ་ཁང་རྩྭ་སའི་བྱེ་འགྱུར་བཅོས་སྐྱོང་དང་། གྲོང་ཁྱེར་ལྗང་བསྒྱུར། གཞུང་ལམ་ལྗང་བསྒྱུར་སོགས་རླབས་ཆེ་བའི་ལས་དོན་མང་པོ་ཞིག་ལ་ཞུགས་མྱོང་ཡོད་པ་རེད། ཁོས་བཤད་རྒྱུར། ལོ་ངོ་འདི་དག་གི་རིང་ལ། སྡོང་བོ་ཅི་འདྲ་ཞིག་བཙུགས་ཡོད་པ་རང་གིས་ཀྱང་གསལ་བོ་ཞིག་མི་ཤེས་མོད། ན་ནིང་ནི་ཐན་སྐམ་རོང་ཁུལ་དུ་སྡོང་བོ་བཙུགས་པ་ཆེས་མང་བའི་ལོ་ཞིག་ཡིན་ལ། ཁྱོན་ས་མུའུ་ཁྲི1.08ལྷག་ལ་བཙུགས་ཡོད་པ་གསལ་བོར་དྲན་ལ་སྡོང་བོ་འདི་དག་སྐྱེ་འཚར་ཡོང་བཞིན་པ་མཐོང་ན་ཁོའི་སེམས་པ་ཤིན་ཏུ་སྐྱིད་ཟེར།

ནགས་སྐྲུན་ཆེད་གཉེར་མཉམ་ལས་ཁང་བཙུགས་ཏེ། དབུལ་བྲལ་གནད་སྒྲོལ་ཡོང་འབབ་འཕར་དུ་བཅུག

ཧྲའོ་ཧྲུའུ་ཁང་ལ་ཧོ་པ་སྡེ་བ་རུ་ཁང་བ་གཉིས་ཡོད་ཅིང་། ཁང་བ་གཅིག་ནི་སྡོང་འཛུགས་ཡོ་བྱད་སྣ་ཚོགས་དང་གནོད་འབུ་འགོག་བཅོས་ཀྱི་སྨན་རྫས་སྣ་ཚོགས་ཀྱིས་གང་འདུག་ཅིང་། ཁང་བ་གཞན་པ་དེ་ནི་ཁོ་དང་ཁོའི་ཆུང་མ་ཧན་ཆིང་ཧྭ་གཉིས་ཀྱི་སྡོད་གནས་ཡིན། ཟླ5པའི་ཟླ་མཇུག་ལ། གསར་འགོད་པས་ཁོ་ཚང་གི་གཡོས་ཁང་དུ་ཟ་མ་གཡོ་སྐོལ་བྱས་པའི་རྗེས་ཤུལ་ཙམ་ཡང་མེད་པ་མཐོང་རྗེས་ཁོའི་ཆུང་མ་ལ་དྲིས་པར། མོས་བཤད་རྒྱུར། ཉིན་དཀར་ང་ཚོ་སྡོང་བོ་འདེབས་འཛུགས་ཀྱི་བྱ་བར་གཡེང་བས་ཕྱིར་ལོག་པ་ཤིན་ཏུ་འཕྱི། ནུབ་ཇ་ལ་མེན་པའོ་གཅིག་དང་གཏེར་ཆུ་གཅིག་ལས་མེད། ལོ་འདི་འགའི་རིང་ལ། སྡོང་འཛུགས་ནགས་སྐྲུན་གྱི་སླད་དུ་མོ་དང་མོའི་ཁྱོ་ག་གཉིས་ཀྱི་འཚོ་བ་ནི། ཉིན་དཀར་སྡོང་འཛུགས་ནོར་ལུག་བདའ་བ་དང་། མཚན་མོར་ཁྱིམ་དུ་ལོག་ན་གོ་ཁ་འཁྱག་པའི་གནས་ཚུལ་ཞིག་རེད།

ཕ་རྒན་གྱི་ཤུགས་རྐྱེན་ཐེབས་པས་ཡིན་ནམ་ཁོའི་བུ་མོ་ཧྲའོ་ཅང་ཅང་སློབ་ཆེན་དུ་སོང་རྗེས་མོས་ནགས་ལས་ཀྱི་ཆེད་ལས་སློབ་སྦྱོང་བྱས་པ་རེད། སློབ་མཐར་ཕྱིན་རྗེས། རྫོང་ནགས་ལས་དང་རྩྭ་ཐང་ཅུས་སུ་རྒྱུགས་འཕྲོད་ཅིང་དེ་རུ་ལས་ཀ་གཉེར་བ་རེད། དེ་མིན་ཁོའི་བུ་ཧྲའོ་ཏུང་ཅ་ཡང་ལས་རིགས་ལག་རྩལ་སློབ་གྲྭ་ནས་མཐར་ཕྱིན་རྗེས་ཨ་ཕའི་རྗེས་སུ་འབྲངས་ཏེ་སྡོང་འཛུགས་ལ་སློབ་སྦྱོང་བྱས་པ་རེད། ཁོམ་པ་ཡོད་དུས་བཟའ་ཚང་གང་བོ་མཉམ་དུ་འཛོམས་ནས་སྡོང་འཛུགས་ནགས་སྐྲུན་གྱི་ལས་ཀ་ལ་གྲོས་བསྡུར་བྱེད།

ཕུན་སུམ་ཚོགས་པའི་སྡོང་འཛུགས་ཉམས་མྱོང་དང་མི་དམངས་ཀྱི་བསྔགས་བརྗོད་བཟང་བོར་རྐྱེན་བྱས་ཏེ། ཧྲའོ་ཧྲུའུ་ཁང་རྔ་བ་ཁུལ་གྱི་ཐན་སྐམ་དང་ཕྱེད་ཐན་སྐམ་གྱི་རོང་ཁུལ་བཅོས་སྐྱོང་གི་ནགས་འཛུགས་ཀྱི་ཡུལ་འདིར་མིང་དུ་གྲགས་ཡོད།

སྡོང་བོ་བཙུགས་ན་ངེས་པར་སྐྱེ་ཐུབ་དགོས་ཤིང་། སྡེ་དམངས་ཀྱི་གླ་ཆ་དུས་འགྱངས་ཆད་ལུས་བྱེད་མི་ཉན་ཞེས་པ་ནི་ཧྲའོ་ཧྲུའུ་ཁང་གིས་རྟག་པར་བརྩི་སྲུང་བྱེད་པའི་རྩ་དོན་ཞིག་རེད།

2003ལོར། ཧྲའོ་ཧྲུའུ་ཁང་གིས་སྡེ་མི100ལྷག་ཁྲིད་དེ་ཐན་སྐམ་རོང་ཁུལ་གྱི་བཅོས་སྐྱོང་ས་ཁུལ་ནས་ས་མུའུ1500ལ་སྡོང་བོ་བཙུགས། སྡེ་མི་རྣམས་ཀྱི་གླ་ཆ་ཉིན་རེར་སྒོར15བྱས་ནས་ཉིན་ལྟར་བརྩིས་ཤིང་། སྡོང་བོ་བཙུགས་མ་ཐག་ཏུ་སྒོར་མོ་བྱིན་པ་རེད། སྐབས་དེར་སྡོང་བོ་བཙུགས་པ་ཙམ་གྱིས་ཆོག་མོད། ཧྲའོ་ཧྲུའུ་ཁང་གིས་བདག་གཉེར་བྱེད་པའི་འགན་ཡང་ཁུར་ཏེ། སྡོང་ཕྲུག་གི་སྐྱེ་འཚར་ལ་ཁག་ཐེག་བྱས་པས། སྔོན་ཆད་རྩྭ་དང་རྩི་ཤིང་གིས་སྟོང་བའི་སྐྱ་ཐེར་ཐེར་གྱི་གནས་དེ་དེང་སྐབས་ཀྱི་ལྗང་ཐིང་ཐིང་གི་གནས་མཆོག་ཅིག་ཏུ་གྱུར།

ཧྲའོ་ཧྲུའུ་ཁང་གིས་རྒྱུན་འཁྱོངས་བྱེད་བཞིན་པའི་རྩ་དོན་ལ་སྲིད་གཞུང་དང་སྡེ་དམངས་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་ཐོབ་པས། ཕྱི་ཡོང་གི་མི་མང་པོ་ཞིག་ཀྱང་ཁོ་དང་མཉམ་དུ་སྡོང་བོ་འཛུགས་པར་འོངས་འདུག

2006ལོ་ནས་བཟུང་། ཧྲའོ་ཧྲུའུ་ཁང་གིས་སྡེ་མི་རྣམས་ཁྲིད་ནས་རྔ་བ་ཁུལ་གྱི་རྫོང་སོ་སོའི་ཐན་སྐམ་རོང་ཁུལ་བཅོས་སྐྱོང་ཁུལ་དུ་བསྐྱོད་དེ་སྡོང་འཛུགས་ནགས་སྐྲུན་བྱས། སྡོང་བོ་འདེབས་མཁན་གྱི་སྡེ་དམངས་ཀྱང་སྔོན་གྱི་མི100ལྷག་ནས་ཆེས་མང་དུས་མི300ལྷག་ཏུ་འཕེལ་ཡོད། དེ་ལྟར་དཔུང་ཁག་གི་སྟོབས་ཤུགས་ཇེ་ཆེར་སོང་བ་དང་བསྟུན་ནས། ན་ནིང་ཟླ5པར། ལིས་རྫོང་གི་ཕུའུ་ཆི་ཡུལ་ཚོའི་དབུལ་བྲལ་གནད་སྒྲོལ་གྱི་ནགས་སྐྲུན་ཆེད་ལས་མཉམ་འབྲེལ་ཁང་བཙུགས་ཤིང་། སྡེ་མི་རྣམས་ལ་སྣེ་ཁྲིད་དེ་སྡོང་བོ་བཙུགས་ནས་ཡོང་འབབ་འཕར་ཐབས་ལ་གཞོལ་བ་རེད། ད་སྐབས་གླ་ཆ་ཡང་འཕར་ཏེ་ཉིན་རེར་སྒོར130ནས་200བར་ཡིན་ནོ།།

(གསར་འགོད་པ་ཚེ་རིང་ལྷ་མོ།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2019-06-18 ལིས་རྫོང་ཕུའུ་ཆི་ཡུལ་ཚོའི་ཧོ་པ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཧྲའོ་ཧྲུའུ་ཁང་གིས་ཐན་སྐམ་བཅོས་སྐྱོང་བྱས་ཚུལ་རགས་བཀོད། 4 4 阿坝日报藏文 c82644.html 1 བགྲང་བྱ་བཅུ་ཕྲག་ལྷག་གི་འབད་འབུངས་ཀྱིས།།ཐན་སྐམ་ཁུལ་ལ་ལྗང་མདོག་བསྐྲུན་པར་རེ།། /enpproperty-->