数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第03版:

བཀླགས་ ཚོར།

གང་ཞིག་སྨྲ་བའི་ཤེས་རབ་ལས་འདས་ཤིང་།།

བརྗོད་མེད་དངོས་གྲུབ་བསིལ་མའི་ཕྲེང་བ་གང་།།

འགྱུར་ཁུགས་སྟོང་ལྡན་འཛུམ་པའི་སྣང་བ་ཡིས།།

ཀུན་རྟོག་ཡིད་ཀྱི་འགྱུ་བ་ཅིག་ཅར་དྲངས།།

སྣང་སེམས་གཉུག་མའི་ངོས་ཀྱི་ཆེན་པོའི་གདེང་།།

ཟབ་རྒྱས་ལྟ་བའི་ཀློང་གི་མཐའ་བྲལ་སེམས།།

གང་ཞིག་སྟོང་དང་རྟེན་འབྱུང་རང་གསལ་བའི།།

འཁོར་འདས་གླུ་ཡི་སྙན་པ་ཕྱུར་བུར་གཏམས།།

སྒྱུ་འཕྲུལ་སྣང་བའི་ནགས་ཚལ་སྟུག་པོ་རུ།།

འབྲས་བཟང་གཡུར་དུ་ཟ་བའི་སྙིང་བོའི་རྡུལ།།

ཕྱོགས་དང་ཕྱོགས་སུ་འཕྱོ་ཞིང་ཁྱབ་པ་ཡིས།།

མི་ཟད་དཔལ་གྱི་མཛོད་ཆེན་ངག་ལ་འཁོར།།

མི་གཡོ་བདེ་ཆེན་བསམ་གྱིས་མི་ཁྱབ་པའི།།

གཉིས་ཟད་ཆོས་སྐུའི་རང་རྣམ་འཛིན་པ་ལ།།

དགེ་ལེགས་སྟོང་གི་ཕྱག་རྒྱ་བཅིངས་པ་ཡི།།

དྲང་སྲོང་ངག་གི་ཕོ་ཉ་ཁྱེད་ལས་སུ།།

དཔག་བསམ་སྐལ་བའི་ལྗོན་པ་གཡོ་བའི་རྩེར།།

འདབ་དྲུག་པདྨའི་གེ་སར་འཛུམ་པའི་དཔྱིད།།

ཚོགས་དྲུག་མཉམ་པ་ཉིད་ཀྱི་བར་སྣང་དུ།།

དབྱངས་ཅན་དགའ་མ་འབོད་པའི་ཀི་བསྭོ་ཡིས།།

ལན་ཅིག་མ་ཡིན་ཚོར་བའི་ཕོ་བྲང་ནས།།

སྐྱེ་རྒུའི་ཀུན་རྟོག་ར་རི་བསལ་བྱེད་ཀྱི།།

ཚངས་སྲས་མྱོས་པའི་གླུ་ལ་འགག་པ་མེད།།

དབྱངས་ཅན་ངག་གི་བདུད་རྩིའི་དོ་ར་ནས།།

སྲིད་ཞི་མཉམ་ཉིད་གཅིག་ཏུ་སྟོན་པ་ལ།།

ངལ་བ་ཏིལ་ཙམ་མ་མཆིས་སྐད་ཅིག་ཏུ།།

པི་ཝང་རྒྱུད་སྐུད་ཕྲ་མོར་སོར་འཁྱུག་གིས།།

བདེ་སྟོང་ངག་གི་རོལ་མོ་ཅི་ཡང་འཁྲོལ།།

ངག་རིག་བུང་བ་གཞོན་ནུའི་གླུ་སྐད་ཀྱིས།།

སྟོང་གསུམ་སྣོད་བཅུད་གོང་བུ་གཅིག་ཏུ་བསྒྲིལ།།

ཤེས་བྱའི་གཡུ་ལོ་རྒྱས་པའི་དགའ་ཚལ་ན།།

སྙན་འཇེབས་གདངས་དབྱངས་ཅི་དགར་བྱུང་བ་ཡིས།།

མཚར་སྡུག་སྟོང་གི་གཞལ་ཡས་མི་ཟད་པ།།

རྣམ་པ་སྣ་ཚོགས་དང་བཅས་ལོངས་སུ་སྤྱོད།།

འཛིན་མེད་སྣང་བ་ཕྱི་རོལ་ཡུལ་ལས་གཡོལ།།

མ་བཟུང་བློ་གྲོས་གཉུག་མའི་གཞི་རུ་འཁོད།།

སེམས་ཉིད་ཏིང་འཛིན་རོལ་མོའི་འགྱུར་ཁུགས་ཀྱིས།།

བདེ་སྟོང་སྤྲིན་དཀར་ཕུང་པོའི་ཚོམ་བུ་ལ།།

མངོན་པར་རྒྱུ་བའི་མཁའ་ལྡིང་དབང་བོར་འགྲན།།

འགག་མེད་གསུང་གི་རང་སྒྲ་རང་བྱོན་ལ།།

འདུན་པའི་རྩེ་བརྒྱ་མི་ཕྱེད་གཏད་པ་ལས།།

སྒྱུ་འཕྲུལ་ལྷ་མོའི་ངག་གི་འདུ་བྱེད་ལ།།

རྩོལ་མེད་ཤུགས་འབྱུང་དབྱངས་ཀྱིས་ཅོ་འདྲི་མཁན།།

རྗེས་ཆགས་ཡིད་འོང་ཕྱག་རྒྱའི་རོལ་བ་རྣམས།།

མངོན་པར་ཀུན་བྱེད་མགྲིན་དབྱངས་སྟོང་ལྡན་ངང་།།

ངོ་མཚར་སྙན་འཇེབས་ཟློས་གར་བསྒྱུར་འདི་རྨད།།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2019-08-16 ♦རྨོག་ཐང་དཀར། 【གཡུ་ཁོག 】 4 4 阿坝日报藏文 c88094.html 1 བཀླགས་ ཚོར། /enpproperty-->