数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第03版:

བློས་ཐུབ་གྲོགས་པོ།

རྡོ་རྗེ་སྒྲོལ་མས་བསྒྱུར།

【མཚོ་སྔོན་མི་རིགས་སློབ་ཆེན།】

“འོ་རེད”ཅེས་ཁེར་སྡོད་མཆིལ་བས་དེ་ལྟར་བཤད་ཞོར་རྐང་བ་གཅིག་ཡར་ལ་བཏེགས་ཤིང་ཡ་གཅིག་མར་ལ་བརྐྱངས།

“དགུན་རྒྱ་སྟག་འདྲ་མོ་ཕར་ལ་བསྐྱལ་ནས་བལ་བུ་བཞད་པའི་སྐབས་སུ། ཕྱེ་འཐག་བདག་པོས་ཁོའི་ཆུང་མ་ལ་ཁོ་རང་རི་འདབས་སུ་ཧན་སི་ཆུང་ཆུང་ལ་བལྟ་རུ་འགྲོ་རྒྱུ་ཡིན”ཟེར།

ཆུང་མས་སྐད་གསེང་མཐོན་པོས“ཨ་ཨ། ཁྱོད་ཀྱིས་ནམ་རྒྱུན་གཞན་ཁོ་ན་ལས་མི་བསམ། མེ་ཏོག་འཇུག་སའི་སླེ་བོ་ཆེན་པོ་དེ་མ་བརྗེད་ཅིག”ཟེར།

དེ་ནས་ཕྱེ་འཐག་བདག་པོས་ལྕགས་ཐག་བཀན་མོ་ཞིག་གིས་རླུང་འཁོར་གྱི་གཤོག་པ་བཀྱིགས་ཏེ་སླེ་བོ་བཀལ་ནས་རི་འདབས་སུ་ཆས།

ཕྱེ་འཐག་བདག་པོ་ན་རེ།“ཞོགས་པ་བདེ་ལེགས། ཧན་སི་ཆུང་ཆུང”ཟེར།

“ཞོགས་པ་བདེ་ལེགས”ཞེས་བཤད་ཞོར་ཧན་སི་ཁྱེམ་ཐོག་ཏུ་བསྡད་དེ་འཛུམ་དམུལ་ཙམ་བྱས།

ཕྱེ་འཐག་བདག་པོ་ན་རེ།“དགུན་གཞུང་རིང་མོ་འདི་ཅི་འདྲ་རེད”ཟེར།

ཧན་སིས་སྐད་གསེང་མཐོན་པོས“མི་བཟང་རྒྱུ་མེད། ཁྱོད་རང་དངོས་གནས་བཟང་པོ་འདུག ང་ལ་འཚམས་འདྲིར་ཐོན་པ་དངོས་གནས་དགའ་ཡོད། དྲང་མོར་བཤད་ན་ངའི་འཚོ་བ་ལ་དཀའ་ཁག་ངེས་ཅན་ཞིག་ཡོད། ཡིན་ཡང་ད་ལྟ་དཔྱིད་ཀར་སླེབས་ཡོང་བས་ང་རང་སྐྱིད་པོ་འདུག མེ་ཏོག་བཞད་པ་ཡང་ཤིན་ཏུ་བཟང་།”

ཕྱེ་འཐག་བདག་པོ་ན་རེ། “ཧན་སི། དགུན་ཁར་ང་ཚོས་ནམ་རྒྱུན་ཁྱོད་རང་གླེང་བཞིན་ཡོད་མོད། ཁྱོད་ཀྱི་འཚོ་བ་ཅི་འདྲ་ཞིག་ཡིན་པ་ཤེས་མ་སོང”ཟེར།

ཧན་སི་ན་རེ།“ཁྱོད་དངོས་གནས་བཟང་པོ་འདུག ངས་ད་དུང་ཁྱོད་ཀྱིས་ང་རང་བརྗེད་སོང་བར་སེམས་ཁུར་བྱས་ཡོད”ཟེར།

ཕྱེ་འཐག་བདག་པོ་ན་རེ།“ཧན་སི། ཁྱོད་ཀྱི་སྐད་ཆས་ང་རང་ཧ་ལས་པར་གྱུར་སོང་། མཛའ་བརྩེ་ནི་གཏན་ནས་བརྗེད་མི་སྲིད་དོན་མཛའ་བརྩེ་ཡིས་མི་རྣམས་ཅིའི་ཕྱིར་ཧ་ལས་སུ་འཇུག་པ་དེ་ཡིན་ཞིང་། ཕལ་ཆེར་ཁྱོད་ཀྱིས་ད་དུང་འཚོ་བའི་བྲོ་བ་མ་ཤེས་པས་ཡིན། རེད་ཡ། ཁྱོད་ཀྱི་བྲག་ལྕམ་སྐྱེས་པ་དངོས་གནས་སྙིང་རྗེ་བོ་འདུག”ཟེར།

ཧན་སི་ན་རེ།“དེ་ཚོ་སྐྱེས་པ་དངོས་གནས་སྙིང་རྗེ་བོ་འདུག ང་ལ་མཚོན་ནས་བཤད་ན་བསྐལ་བ་ཆེས་བཟང་བོ་ནི་མེ་ཏོག་སྣ་བརྒྱ་བཞད་པ་དང་མེ་ཏོག་ཁྱེར་ནས་ཁྲོམ་རར་སོང་སྟེ་གྲོང་སྤྱིའི་བུ་མོ་ལ་བཙོང་ནས་དེའི་རིན་གྱིས་ངའི་འདེད་འཁོར་ཕྱིར་ཉོ་རྒྱུ་དེ་ཡིན།”

“ཁྱོད་ཀྱི་འདེད་འཁོར་ཕྱིར་ཉོ་རྒྱུ་ཟེར་ན་འདེད་འཁོར་བཙོང་ཟིན་པ་ཡིན་ནམ། དངོས་གནས་གླེན་རྟགས་ཀྱི་བྱ་བ་བསྒྲུབས་ཡོད་ཨང་།”

ཧན་སི་ན་རེ།“དོན་ངོ་མར་ང་ལའང་ཐབས་མེད་པ་མ་ཡིན་ནམ། དགུན་གཞུང་རིང་མོ་དེ་ང་ལ་མཚོན་ན་དངོས་གནས་འཁྱོལ་ཐབས་དཀའ། ཐ་ན་བག་ལེབ་ཉོ་བའི་སྒོར་རྡོག་ཙམ་ཡང་མེད། དེའི་རྐྱེན་གྱིས་ཐོག་མར་ངས་གཟའ་ཉི་མར་གོན་པའི་ལྭ་བའི་སྟེང་གི་སྒྲོག་གུ་བཙོང་བ་དང་དེ་ནས་དངུལ་གྱི་མགུལ་རྒྱན་བཙོང་། ཐ་ན་འདེད་འཁོར་ཡང་བཙོང་བ་ཡིན། ཡིན་ཡང་ད་ལྟ་ངས་དེ་ཚོ་ཕྱིར་ལེན་རྒྱུ་ཡིན།”

ཕྱེ་འཐག་བདག་པོས“ཧན་སི། ངའི་འདེད་འཁོར་ཁྱོད་ལ་སྦྱིན་ཆོག ཡིན་ཡང་ཡོངས་སུ་རྫོགས་པ་ཞིག་གསོ་བྱས་ཚར་མེད། དོན་དུ་འདེད་འཁོར་གྱི་གཞོགས་གཅིག་གོག་འདུག འཁོར་ལོ་ལའང་སྐྱོན་ཡོད། དེ་དག་ལ་ཁ་ཡ་མི་བྱེད་པར་ཁྱོད་ལ་སྟེར། ང་རང་ཁྱོའི་ཐད་ལ་གཏོང་ཕོད་ཆེ་བར་མ་ཟད་མི་མང་པོས་ངའི་འདེད་འཁོར་བྱིན་སོང་བར་ང་རང་གླེན་པ་ཞིག་ཏུ་འདོད་ངེས། འོན་ཀྱང་ང་རང་གཞན་དང་མི་མཚུངས་ཏེ། ངས་བསམ་ན་གཏོང་ཕོད་ཆེ་བ་ནི་མཛའ་བརྩེ་ཡི་འགག་རྩ་ཡིན་པར་འདོད། ཡང་ཅིག་བཤད་ན། ང་ལ་འདེད་འཁོར་གསར་བ་ཞིག་ཡོད། ད་རེད། ངའི་འདེད་འཁོར་ཁྱོད་ལ་བྱིན་པར་ཁྱོད་ཀྱིས་འཛེམ་དོགས་བྱ་མི་དགོས”ཟེར།

“ཁྱོད་རང་དངོས་གནས་གཏོང་ཕོད་ཆེ་བ་ལ་ཨང་།”ཧན་སི་ཆུང་ཆུང་གི་གདོང་སྒོར་མོར་འཛུམ་མདངས་ཀྱིས་ཁེངས་ནས“ངའི་ཁྱིམ་ན་ཤིང་ལེབ་ཡོད་པས་ངས་ཞིག་གསོ་བྱས་ན་སྟབས་བདེ་ཡིན”ཟེར།

“ཤིང་ལེབ་གཅིག”ཕྱེ་འཐག་བདག་པོ་ན་རེ།“རེད་ཡ། ངའི་འབྲུ་མཛོད་ཀྱི་ཁང་ཀླད་ལ་ཏག་ཏག་ཤིང་ལེབ་ཅིག་མཁོ། དོང་ཆེན་ཞིག་ཡོད་པས་དེར་ཞིག་གསོ་མ་བྱས་ན་འབྲུ་རིགས་ལ་བརླན་འབྱུང་བ་ཡིན། སྟབས་ལེགས་པ་ཞིག་ལ་ཁྱོད་ཀྱིས་གསལ་བརྡ་བཏང་སོང་། ངོ་མ་བསམ་ཡུལ་ལས་འདས་པ་ཞིག་རེད་ཨང་། གཏམ་བཟང་བོས་ནམ་ཡང་གཏམ་བཟང་བོ་གཞན་ཞིག་ཁྱེར་ཡོང་། ངས་འདེད་འཁོར་ཁྱོད་ལ་སྟེར། ཁྱོད་ཀྱིས་ཤིང་ལེབ་ང་ལ་བྱིན། རེད། འདེད་འཁོར་ཤིང་ལེབ་དང་བསྡུར་ན་རིན་གོང་མཐོ་མོད། རྟག་བརྟན་གྱི་མཛའ་བརྩེ་ཡིས་འདི་དག་ལ་གཏན་ནས་དོ་སྣང་མི་བྱེད། ཁྱོད་ཀྱིས་ཤིང་ལེབ་ཁྱེར་ཤོག་དང་། ངས་དེ་རིང་འབྲུ་མཛོད་ཞིག་གསོ་བྱ་རྒྱུ་ཡིན་ཟེར།”

ཧན་སིས་སྐད་མཐོན་པོས“བསམ་མི་དགོས”

ཞེས་བཤད། ཁོ་རང་རྩྭ་ཁང་ཆུང་ཆུང་དུ་རྒྱུགས་ཏེ་ཤིང་ལེབ་དྲུད་ནས་ཐོན།

“ཤིང་ལེབ་འདི་དེ་འདྲ་ཆེན་པོ་མི་འདུག”ཅེས་ཕྱེ་འཐག་བདག་པོས་ཤིང་ལེབ་ལ་བལྟས་ཏེ་བཤད། ངའི་འབྲུ་མཛོད་ཀྱི་ཁང་ཀླད་ཞིག་གསོ་བྱས་སོང་ན་ཁྱོད་ལ་འདེད་འཁོར་ཞིག་གསོ་བྱེད་རྒྱུར་ཕལ་ཆེར་མི་འདང་། ཡིན་ནའང་དེ་ཡང་ངའི་ནོར་འཁྲུལ་མིན། ད་རེད། ངས་འདེད་འཁོར་ཁྱོད་ལ་བྱིན་ཟིན། ཁྱོད་ཀྱིས་ཀྱང་ང་ལ་མེ་ཏོག་འགའ་བྱིན་ནས་དྲིན་ལན་གཞལ་བར་ང་ལ་ཡིད་ཆེས་ཡོད། སླེ་བོ་འདི་ན་ཡོད། ཁྱོད་ཀྱིས་སླེ་བོ་གང་བར་བྱེད་རོགས།

“ཚང་མ་གང་བར་བྱ་དགོས་སམ”ཞེས་ཧན་སིས་སྨྲས་ཤིང་། དཀའ་ལས་ཆེན་པོ་འདུག་པར་བསམས་ཏེ། སླེ་བོ་ཆེན་པོ་ཞིག་ཡིན་པས་གལ་ཏེ་མེ་ཏོག་ཚང་མ་སླེ་བོར་བཅུག་ན་ཁྲོམ་རར་སོང་སྟེ་འཚོང་རྒྱུ་མེད་པས་སྒྲོག་གུའང་ཕྱིར་ལེན་ཐབས་དཀའ།

(མུ་འགོད།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2019-08-16 ♦ཝང་ཨེར་ཊིས་བརྩམས། རྡོ་རྗེ་སྒྲོལ་མས་བསྒྱུར། 【མཚོ་སྔོན་མི་རིགས་སློབ་ཆེན།】 4 4 阿坝日报藏文 c88099.html 1 བློས་ཐུབ་གྲོགས་པོ། /enpproperty-->