数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

ས་ཞིང་འགན་གཙང་ལེན་པའི་འབྲེལ་བ་བརྟན་པོ་ཡོང་བ་དང་ཡུན་རིང་མི་འགྱུར་བ་རྒྱུན འཁྱོངས་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར།

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11 ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ས་ཞིང་འགན་གཙང་ལེན་པའི་འབྲེལ་བ་བརྟན་པོ་ཡོང་བ་དང་ཡུན་རིང་མི་འགྱུར་བ་རྒྱུན་འཁྱོངས་བྱེད་པ་དང་། རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་ལེན་པའི་དུས་བཀག་ཐིམ་རྗེས་སླར་ཡང་ལོ་སུམ་ཅུ་རིང་དུ་གཏོང་རྒྱུ་ཡིན་ཞེས་བཏོན་ཡོད། ཞིང་པའི་ས་ཞིང་འགན་གཙང་ལེན་པའི་ཁེ་དབང་འགན་ལེན་གང་ལེགས་བྱས་ནས་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་ལེན་གྱི་གཉེར་སྐྱོང་གི་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ལ་སྐུལ་འདེད་གཏོང་ཆེད། ད་ལྟ་གྲོང་གསེབ་ཀྱི་ས་ཞིང(འགན་གཙང་བླངས་པའི་རྨོ་ཞིང་ལ་ཟེར)འགན་གཙང་ལེན་གྱི་འབྲེལ་བ་བརྟན་པོ་ཡོང་བ་དང་ཡུན་རིང་མི་འགྱུར་བའི(གཤམ་དུ“ཡུན་རིང་མི་འགྱུར་བ”ཞེས་བསྡུ་རྒྱུ)ཐད་གཤམ་གསལ་གྱི་བསམ་འཆར་འདོན་རྒྱུ་སྟེ།

གཅིག དོན་སྙིང་གལ་ཆེན།

ཁྱིམ་ཚང་གིས་འགན་གཙང་གཉེར་སྐྱོང་བྱས་ཚུན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐོག་མཐའ་བར་གསུམ་དུ་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་ལེན་གྱི་འབྲེལ་བ་བརྟན་པོ་ཡོང་བའི་མཛད་ཕྱོགས་སྲིད་ཇུས་མཐའ་འཁྱོངས་བྱས་ནས་སྔ་རྗེས་སུ་འགན་གཙང་ལེན་པའི་དུས་བཀག་ཐེངས་གཉིས་རིང་དུ་བཏང་བ་དང་། འབྲེལ་ཡོད་ལམ་ལུགས་ཀྱི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་སྟེ་ཞིང་པས་ས་ཞིང་འགན་གཙང་ལེན་པའི་དབང་ཆ་ཁག་ཁྲིམས་ལྟར་སྲུང་སྐྱོང་བྱས་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པའི་འགག་རྩའི་དུས་སྐབས་སུ་ཏང་ཀྲུང་དབྱང་གིས་ས་ཞིང་འགན་གཙང་གི་འབྲེལ་བ་བརྟན་པོ་ཡོང་བ་དང་ཡུན་རིང་མི་འགྱུར་བ་རྒྱུན་འཁྱོངས་བྱེད་དགོས་ཞེས་བཏོན་པ་དེ་ནི་ཏང་གི་གྲོང་གསེབ་ཀྱི་ས་ཞིང་སྲིད་ཇུས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་བ་ཞིག་ཡིན་པས། དོན་སྙིང་གལ་ཆེན་དང་ཤུགས་རྐྱེན་གཏིང་ཟབ་ལྡན་ཡོད།

(གཅིག)“ཡུན་རིང་མི་འགྱུར་བ”ལག་བསྟར་བྱས་ན་གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་སྲ་བརྟན་དང་འཐུས་སྒོ་ཚང་དུ་འགྲོ་བར་ཕན་པ་ཡོད་པ། གྲོང་གསེབ་ཏུ་ཁྱིམ་ཚང་གིས་འགན་གཙང་བླངས་ནས་གཉེར་སྐྱོང་བྱ་རྒྱུ་རྨང་གཞིར་བྱེད་པ་དང་། རིམ་གཉེར་ཟུང་དུ་སྦྲེལ་བའི་གཉེར་སྐྱོང་སྒྲིག་སྲོལ་ལག་བསྟར་བྱས་པ་ནི་སྒྱུར་བཅོས་སྒོ་དབྱེའི་གྲུབ་འབྲས་གལ་ཆེན་ཞིག་དང་གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་ཤིག་རེད། ལམ་ལུགས་འདི་ནི་རང་རྒྱལ་གྱི་རྒྱལ་བབ་དང་ཞིང་ལས་ཐོན་སྐྱེད་ཀྱི་ཁྱད་ཆོས་དང་མཐུན་པ་ཞིག་ཡིན་པས། འཚམ་མཐུན་རང་བཞིན་དང་གསོན་ཤུགས་ཆེན་པོ་ལྡན་ཡོད། འགན་གཙང་ལེན་པའི་འབྲེལ་བ་བརྟན་པོ་བྱུང་ན་ཞིང་པའི་ཐོན་སྐྱེད་འཕེལ་རྒྱས་ཀྱི་ཡིད་ཆེས་འཕེལ་བ་དང་། གྲོང་གསེབ་ཡུན་རིང་བདེ་འཁོད་འགན་ལེན་བྱེད་པར་ཕན་པ་ཡོད།“ཡུན་རིང་མི་འགྱུར་བ”ལག་བསྟར་བྱས་པ་དེ་ནི་ཞིང་པའི་འདོད་འདུན་དང་མཐུན་པས་གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་སྲ་བརྟན་དུ་གཏོང་བར་རྨང་གཞི་དེ་བས་བརྟན་པོ་བཏིང་སྟེ་རྒྱུན་སྲིང་ལམ་ལུགས་ཀྱི་གསོན་ཤུགས་མངོན་ཡོད།

(གཉིས།)“ཡུན་རིང་མི་འགྱུར་བ”ལག་བསྟར་བྱས་ན་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕན་པ་ཡོད་པ། ས་ཞིང་འགན་གཙང་ལེན་པའི་འབྲེལ་བ་ནི་གྲོང་གསེབ་ཀྱི་ཐོན་སྐྱེད་འབྲེལ་བའི་གཅིག་སྡུད་མཚོན་ཚུལ་ཞིག་ཡིན་པས། ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གྱི་བླང་བྱ་དང་འཚམ་པར་བྱས་ཏེ་ཟམ་མི་ཆད་པར་སྲ་བརྟན་དང་འཐུས་སྒོ་ཚང་དུ་གཏོང་དགོས་ཀྱི་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་མ་ཐག་པའི་སྐབས་སུ་ཁྱིམ་དུད་ཀྱི་ཐོན་སྦྲེལ་འགན་གཙང་ལམ་ལུགས་ལག་ལེན་བསྟར་བ་བརྒྱུད་ཞིང་པ་དུང་ཕྱུར་མང་པོའི་ལྟོ་གོས་གནད་དོན་ཐག་གཅོད་བདེ་བླག་ཐུབ་ཡོད། བཟོ་ལས་ཅན་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་འཕེལ་རྒྱས་ཕྱིན་པ་དང་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་གཞན་སྒྱུར་ཤུགས་ཆེན་བྱས་པ་དང་སྦྲགས། ཞིང་ལས་དངོས་པོའི་སྒྲིག་ཆས་ཀྱི་ཆུ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ཏེ་ཞིང་ལས་གཉེར་སྐྱོང་གི་གཞི་ཁྱོན་རྒྱ་ཆེ་རུ་གཏོང་ཐུབ་པར་གྱུར་ཡོད།“ཡུན་རིང་མི་འགྱུར་བ”ལག་ལེན་བསྟར་བ་དེས་གྲོང་གསེབ་ཀྱི་ས་ཞིང་ལ“དབང་ཆ་གསུམ”ཁག་བགོས་ཀྱི་རྣམ་པ་ཆགས་པར་སྐུལ་འདེད་ཐེབས་ཏེ་འགན་གཙང་དབང་ཆ་བརྟན་དུ་ཕྱིན་པ་དང་། རྒྱ་ཆེའི་ཞིང་དུད་ཀྱི་འགན་གཙང་ཁེ་དབང་སྲུང་སྐྱོང་ཐུབ་པ། གཉེར་སྐྱོང་དབང་ཆ་ལྷུག་ཏུ་ཕྱིན་པ། ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པའི་ཁྲིད་སྟོན་ནུས་པ་ཐོན་པ་བཅས་ལ་སྐུལ་འདེད་ཐེབས་ཏེ་ཞིང་དུད་ཆུང་ངུ་དང་དེང་རབས་ཞིང་ལས་འཕེལ་རྒྱས་འབྲེལ་མཐུད་ནུས་ལྡན་ཡོང་བར་ཕན་པ་ཐོབ་པ་དང་། གཞི་ཁྱོན་འོས་འཚམ་ལྡན་པའི་གཉེར་སྐྱོང་བྱེད་སྟངས་སྣ་ཚོགས་འཕེལ་རྒྱས་འགྲོ་བར་ཕན་པ་ཐོབ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་ཐེབས་ཡོད།

(གསུམ།)“ཡུན་རིང་མི་འགྱུར་བ”ལག་བསྟར་བྱས་ན་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུར་ཕན་པ་ཡོད་པ། མིག་སྔར་རང་རྒྱལ་གྱི་འཕེལ་རྒྱས་དོ་མི་སྙོམས་ཞིང་གང་ལེགས་མ་བྱུང་བའི་གནད་དོན་གྲོང་གསེབ་ཏུ་མངོན་གསལ་དོད་ཤོས་ཡིན། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱ་རྒྱུ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། སྒྱུར་བཅོས་ནི་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་ཐབས་མཆོག་ཅིག་ཡིན། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བར་ངེས་པར་དུ་རྒྱུ་ནོར་གྱི་བདག་དབང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱུ་རྐྱེན་གཙོ་བོའི་ཁྲོམ་ར་ཅན་གྱི་བཀོད་སྒྲིག་གཙོ་གནད་དུ་བཟུང་ནས་ལམ་ལུགས་རང་བཞིན་གྱི་མཁོ་སྤྲོད་ལ་ཤུགས་སྣོན་རྒྱག་དགོས།“ཡུན་རིང་མི་འགྱུར་བ”ལག་བསྟར་བྱས་ནས་འགན་གཙང་གཉེར་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ་དེས་ཞིང་དུད་ཀྱི་ས་ཞིང་འགན་གཙང་ལེན་པའི་ཁེ་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ཕན་པ་ཐོབ་པ་དང་། གྲོང་གསེབ་ཀྱི་ས་ཞིང་ཐོན་ཁུངས་ལེགས་སྒྲིག་དང་བཀོད་སྒྲིག་བྱེད་པར་སྐུལ་འདེད་གཏོང་རྒྱུར་ཕན་པ་ཐོབ་པ། བྱེད་པོ་དང་། རྒྱུ་རྐྱེན་གཙོ་བོ། ཁྲོམ་ར་བཅས་ཀྱི་གསོན་ཤུགས་འཕེལ་བར་ཕན་པ་ཐོབ་པ་བཅས་བྱུང་ནས་གྲོང་གསེབ་དར་རྒྱས་ཡོང་ཆེད་དེ་བས་ནུས་ལྡན་གྱི་ལམ་ལུགས་ཀྱི་འགན་ལེན་བྱས་ཡོད།

(བཞི།)“ཡུན་རིང་མི་འགྱུར་བ”ལག་བསྟར་བྱས་ན་གྲོང་གསེབ་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་ཡོང་བར་ཕན་པ་ཡོད་པ། ས་ཞིང་གི་གནད་དོན་ནི་གྲོང་གསེབ་སྒྱུར་བཅོས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་ཞིང་པ་དུང་ཕྱུར་མང་པོའི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པས་ཕྱོགས་ཁག་གི་ས་ཞིང་ཁེ་དབང་དོ་སྙོམས་ཡག་པོ་བྱ་རྒྱུ་ནི་ཏང་གི་སྲིད་སྐྱོང་ནུས་པ་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་ཆུ་ཚད་ཀྱི་མཚོན་ཚུལ་གལ་ཆེན་ཞིག་རེད།“ཡུན་རིང་མི་འགྱུར་བ”ལག་བསྟར་བྱས་ནས་མཉམ་སྡེབ་དང་ཞིང་དུད་དང་། ཞིང་དུད་དང་ཞིང་དུད། ཞིང་དུད་དང་ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པ་བཅས་དབར་འགན་གཙང་བླངས་པའི་ས་ཞིང་གི་དབང་ཆ་དང་འོས་འགན་གྱི་འབྲེལ་བ་སྔར་བས་ཁ་གསལ་དུ་བཏང་བ་དེས་སྤྱི་ཚོགས་རིང་ལུགས་མཉམ་སྡེབ་དཔལ་འབྱོར་གྱི་ཁྱད་འཕགས་རང་བཞིན་འདོན་སྤེལ་གང་ལེགས་ཐུབ་རྒྱུར་ཕན་པ་ཡོད། འགོ་འཛུགས་ས་དྲང་གཞག་དང་གོ་སྐབས་དྲང་གཞག་བརྒྱུད། ཁེ་ཕན་གྱི་འབྲེལ་བ་ལུགས་མཐུན་ལེགས་སྒྲིག་བྱེད་པ་དང་། ས་ཞིང་གི་རྩོད་གཞིའི་མངོན་མེད་རྐྱེན་ངན་སེལ་བ། སྤྱི་ཚོགས་དྲང་གཞག་དྲང་བདེན་ལ་སྐུལ་འདེད་ཐེབས་པ་བཅས་བྱུང་ནས་གྲོང་གསེབ་ཏུ་ཏང་གིས་སྲིད་སྐྱོང་བའི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་ཡོད།

གཉིས། སྤྱིའི་བླང་བྱ།

(གཅིག) མཛུབ་ཁྲིད་ཀྱི་དགོངས་པ།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཟབ་ཏུ་གཏོང་བ་དང་ལག་བསྟར་དོན་འཁྱོལ་བྱེད་པ། གཙོ་རྐང་ཡིན་པའི་ཞིང་པ་དང་ས་ཞིང་གི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པར་དམ་པོར་དམིགས་པ། ཞིང་དུད་དང་ཁྱིམ་ཚང་གིས་འགན་གཙང་གཉེར་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། འགན་གཙང་ལེན་པའི་འབྲེལ་བ་ཡུན་རིང་བརྟན་པོ་ཡོང་བ་མཐའ་འཁྱོངས་བྱེད་པ། ཞིང་པར་དེ་བས་ལེགས་ཤིང་འགན་ལེན་ཡོད་པའི་ས་ཞིང་དབང་ཆ་སྤྲོད་པ། གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་སྲ་བརྟན་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་ཡོང་བ་བཅས་ཀྱི་ཆེད་ལམ་ལུགས་ཀྱི་རྨང་གཞི་བརྟན་པོ་ཞིག་འདིང་དགོས།

(གཉིས།)གཞི་རྩའི་རྩ་དོན།

གཞི་རྩའི་གཉེར་སྐྱོང་ལམ་ལུགས་བརྟན་པོ་ཡོང་བ་བྱེད་དགོས། གྲོང་གསེབ་ཀྱི་ས་ཞིང་ཞིང་པ་མཉམ་སྡེབ་ལ་དབང་རྒྱུ་མཐའ་འཁྱོངས་བྱས་ནས་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མིར་འདྲ་མཉམ་ངང་ས་ཞིང་ཁེ་དབང་ལོངས་སུ་སྤྱོད་རྒྱུ་ཡོང་བའི་འགན་ལེན་བྱེད་པ་དང་ཞིབ་ཕྲའི་མངོན་འགྱུར་བྱེད་སྟངས་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱེད་པ་ལས་ས་ཞིང་སྒེར་བདག་བྱ་མི་རུང་། ཁྱིམ་ཚང་གི་འགན་གཙང་གཉེར་སྐྱོང་གི་རྨང་གཞིའི་རང་བཞིན་གྱི་གནས་བབ་མཐའ་འཁྱོངས་བྱེད་དགོས་ཤིང་། གཉེར་སྐྱོང་དབང་ཆ་བརྒྱུད་བཤུག་ཇི་ལྟར་བྱས་ནའང་འདྲ། ཡང་ན་ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པ་ཇི་ལྟར་འཕེལ་རྒྱས་ཕྱིན་ནའང་འདྲ་གང་ལྟར་ཞིང་པའི་ཁྱིམ་ཚང་གི་ས་ཞིང་འགན་གཙང་ལེན་པའི་གནས་བབ་ལ་གཡོ་འགུལ་སྤུ་ཙམ་ཡང་གཏོང་མི་རུང་ལ་ཞིང་པའི་འགན་གཙང་ཁེ་དབང་ལ་ཡང་བཙན་གནོད་བྱེད་མི་རུང་།

ཞིང་པའི་བྱེད་པོའི་གནས་བབ་ལ་བརྩི་འཇོག་བྱེད་དགོས། ཞིང་པའི་འདོད་བློར་བརྩི་འཇོག་བྱས་ཏེ། གདམ་ག་བྱེད་དབང་ཞིང་པར་སྤྲད་ནས་ཞིང་པར་བརྟེན་ནས་ཞིང་པ་རང་ཉིད་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་འཕྲལ་མཁོ་ཆེ་ཤོས་ཡིན་པའི་ཁེ་ཕན་གྱི་གནད་དོན་ཐག་གཅོད་བྱེད་དགོས་པ་དང་། ཞིང་པའི་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྩི་འཇོག་བྱས་ཏེ་ཞིང་པའི་རང་འགུལ་རང་བཞིན་དང་གསར་གཏོད་རང་བཞིན་འདོན་སྤེལ་གང་ལེགས་བྱེད་པ་དང་རྒྱ་ཆེའི་ཞིང་པའི་བློ་རིག་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་སྒྱུར་བཅོས་གསར་གཏོད་ཁྲོད་ཀྱི་དཀའ་གནད་སེལ་དགོས། དཔེ་སྟོན་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་བཅའ་ཁྲིམས་དང་སྲིད་ཇུས་ཀྱི་ཁྱབ་ཁོངས་ནང་ཞིང་པ་མཉམ་སྡེབ་ཀྱིས་དམངས་གཙོ་གྲོས་མོལ་ལ་བརྟེན་ནས་ཁེ་ཕན་གྱི་འབྲེལ་བ་རང་ཉིད་ཀྱིས་མཐུན་སྦྱོར་བྱེད་དགོས།

ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས། དུས་བབ་གསར་པ་དང་བསྟུན་ཏེ་ཐོན་སྐྱེད་ཀྱི་འབྲེལ་བ་འཐུས་སྒོ་ཚང་དུ་གཏོང་བ་དང་། དེང་རབས་ཀྱི་ཞིང་ལས་འཛུགས་སྐྲུན་དང་གྲོང་གསེབ་དར་རྒྱས་ཡོང་བར་གཞི་ཚུགས་པ། ས་ཞིང་གཉེར་སྐྱོང་དབང་ཆ་གོ་རིམ་བཞིན་བརྒྱུད་བཤུག་བྱ་རྒྱུར་ཁྲིད་སྟོན་བྱེད་པ། ས་ཞིང་ཐོན་ཁུངས་བེད་སྤྱོད་བྱེད་ཚད་མཐོ་རུ་གཏོང་བ། རྣམ་པ་སྣ་ཚོགས་ཀྱི་ཞིང་ལས་གཞི་ཁྱོན་འོས་འཚམ་གཉེར་སྐྱོང་བྱེད་སྟངས་ཤིག་ཆགས་པ་བྱེད་པ། ཞིང་ལས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་ལ་ཞིང་པའི་གནད་དོན་ཡང་ཐག་གཅོད་ཡག་པོ་བྱེད་དགོས། ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པར་མཐོང་ཆེན་བྱེད་དགོས་ལ་ཞིང་དུད་དཀྱུས་མར་ཡང་སྣང་ཆུང་མི་བྱེད་པ་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་ལམ་བུ་ཞིག་གཏོད་དགོས།

གྲོང་གསེབ་ཀྱི་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས། གྲོང་གསེབ་ཀྱི་སྤྱི་ཚོགས་བརྟན་ལྷིང་སྔོན་འགྲོར་བྱས་ཏེ་བརྟན་པོ་དང་། གཟབ་ནན། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་དགོས་ཤིང་། ལོ་རྒྱུས་ལ་བརྩི་འཇོག་བྱེད་པ་དང་། དངོས་ཡོད་ལ་གཞིགས་པ། སྔ་ཕྱི་འབྲེལ་མཐུད་བྱེད་པ། བརྟན་པོའི་ངང་བར་བརྒལ་ཡོང་བ་བཅས་བྱེད་དགོས་པ་ལས་བཙན་གྱིས་སྐུལ་མི་རུང་། ས་ཁུལ་ཁག་གི་དོན་དངོས་ལ་གཞིགས་ཏེ་སྤྱི་འདོམས་བསམ་གཞིག་དང་། ཕྱོགས་བསྡུས་དོ་སྙོམས་ཡོང་བ། ཡུལ་བབ་དང་བསྟུན་པ། རིགས་དབྱེ་ཇུས་བསྟར་བཅས་བྱེད་པ་ལས་རྒྱུག་པ་ལེབ་བརྡུངས་བྱེད་མི་རུང་། སྔོན་ཆད་ལྟར་ངང་རྒྱུད་རིང་པོས་རིམ་བགྲོད་གོང་འཕེལ་དང་དོ་དོ་ནན་ནན་བྱས་ནས་མིག་སྔའི་འགལ་ཟླ་སེལ་དགོས་པ་མ་ཟད། འབྱུང་འགྱུར་ལའང་རྨང་གཞི་འདིང་དགོས།

གསུམ།“ཡུན་རིང་མི་འགྱུར་བའི”སྲིད་ཇུས་ཀྱི་ནང་དོན་ཁོང་དུ་ཡང་དག་ཆུད་པ་བྱེད་དགོས།

(གཅིག) ས་ཞིང་མཉམ་སྡེབ་ལ་དབང་བ་དང་ཁྱིམ་ཚང་གིས་འགན་གཙང་བླངས་ནས་གཉེར་སྐྱོང་བྱེད་པའི་གཞི་རྩའི་ལམ་ལུགས་ཡུན་རིང་མི་འགྱུར་བ་རྒྱུན་འཁྱོངས་བྱེད་དགོས། གྲོང་གསེབ་ཀྱི་ས་ཞིང་མཉམ་སྡེབ་ལ་དབང་བ་དང་ཁྱིམ་ཚང་གིས་འགན་གཙང་གཉེར་སྐྱོང་བྱེད་པའི་གཞི་རྩའི་ལམ་ལུགས་དེ་མཉམ་སྡེབ་དང་ཞིང་པའི་ཧུར་སེམས་འཕེལ་བར་བྱེད་པར་ཕན་པ་དང་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དང་ཞིང་ལས་ཐོན་རྫས་མཁོ་སྤྲོད་ནུས་ལྡན་ཐུབ་རྒྱུར་འགན་ལེན་བྱེད་པའི་ངོས་ནས་བརྗོད་ན་ནུས་པ་གལ་ཆེན་ལྡན་པ་ཞིག་ཡིན་པས།

(པར་ངོས་གཉིས་པར་གཟིགས།)

(པར་ངོས་དང་བོར་མཐུད།)ངེས་པར་དུ་གཡོ་འགུལ་སྤུ་ཙམ་མི་གཏོང་བའི་སྒོ་ནས་ཡུན་རིང་མཐའ་འཁྱོངས་བྱས་ཏེ། ཞིང་པ་མཉམ་སྡེབ་ཀྱིས་མཉམ་སྡེབ་ས་ཞིང་བདག་དབང་ནུས་ལྡན་སྤྱོད་རྒྱུར་འགན་ལེན་དང་མཉམ་སྡེབ་ཀྱི་ཁོངས་མིས་འདྲ་མཉམ་ངང་ས་ཞིང་འགན་གཙང་ལེན་པའི་དབང་ཆ་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་མཚམས་དང་ས་ཁུལ་ཁག་གི་འཕེལ་རྒྱས་དོ་སྙོམས་མེད་པའི་དོན་དངོས་ནས་འགོ་བཙུགས་ཏེ། མཉམ་སྡེབ་ལ་དབང་བ་དང་ཁྱིམ་ཚང་གིས་འགན་གཙང་གཉེར་སྐྱོང་བྱེད་པའི་ཞིབ་ཕྲའི་མངོན་འགྱུར་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་དང་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་རྒྱུན་ཆད་མེད་པར་གཏོང་དགོས།

(གཉིས།)ཞིང་དུད་ཀྱིས་ཁྲིམས་བཞིན་མཉམ་སྡེབ་ས་ཞིང་འགན་གཙང་བླངས་པའི་གཞི་རྩའི་དབང་ཆ་ཡུན་རིང་མི་འགྱུར་བ་རྒྱུན་འཁྱོངས་བྱེད་དགོས། ཁྱིམ་ཚང་གཉེར་སྐྱོང་གིས་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་ཁྲོད་རྨང་གཞིའི་རང་བཞིན་གྱི་གནས་བབ་བཟུང་ཡོད། དེས་ན་ཞིང་དུད་ཀྱིས་ཁྲིམས་བཞིན་མཉམ་སྡེབ་ས་ཞིང་འགན་གཙང་ལེན་པའི་གཞི་རྩའི་དབང་ཆ་ཡུན་རིང་འགན་ལེན་ཡོང་བ་བྱེད་དགོས། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མིར་ཁྲིམས་བཞིན་མཉམ་སྡེབ་ཀྱི་ས་ཞིང་འགན་གཙང་ལེན་དབང་ཡོད་པས། རྩ་འཛུགས་དང་མི་སྒེར་སུ་འདྲ་ཞིག་ཡིན་རུང་འཕྲོག་ལེན་དང་ཁྲིམས་དང་མི་མཐུན་པར་ཚོད་འཛིན་བྱེད་མི་རུང་། དེ་དང་དུས་མཚུངས་དུས་རབས་འཕེལ་རྒྱས་ཀྱི་དགོས་མཁོ་གཞིར་བཟུང་། ས་ཞིང་འགན་གཙང་ལེན་པའི་དབང་ཆའི་དངོས་དབང་ལ་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཞིང་པས་འགན་གཙང་བླངས་པའི་ས་ཞིང་བཟུང་བ་དང་། སྤྱོད་པ། ཁེ་ཕན་ལེན་པ། བརྒྱུད་བཤུག་བྱེད་པ་དང་། དེ་བཞིན་འགན་གཙང་བླངས་པའི་ས་ཞིང་གི་གཉེར་སྐྱོང་བྱེད་དབང་གཏའ་མར་འཇོག་པ་དང་ཁག་ཐེག་བྱེད་པ་བཅས་ཀྱི་ཞིང་པའི་དབང་ཆར་ཁྲིམས་ལྟར་འགན་སྲུང་བྱས་ནས་དེ་བས་འཐུས་སྒོ་ཚང་བའི་དབང་ནུས་ཟམ་མི་ཆད་པར་སྤྲོད་དགོས།

(གསུམ།)ཞིང་དུད་ཀྱིས་འགན་གཙང་བླངས་པའི་ས་ཞིང་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཞིང་པའི་ཁྱིམ་ཚང་ནི་ས་ཞིང་འགན་གཙང་བླངས་ནས་གཉེར་སྐྱོང་བྱེད་མཁན་གྱི་ཁྲིམས་གཏན་འཁེལ་བའི་བྱེད་པོ་ཡིན། གྲོང་གསེབ་ཀྱི་མཉམ་སྡེབ་ས་ཞིང་དག་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ནང་གི་ཞིང་པའི་ཁྱིམ་ཚང་གིས་འགན་གཙང་ལེན་གྱི་ཡོད། ཁྱིམ་ཚང་གི་ཁོངས་མིར་ས་ཞིང་འགན་གཙང་ལེན་པའི་དབང་ཆ་ཁག་ཁྲིམས་ལྟར་འདྲ་མཉམ་ངང་ལོངས་སུ་སྤྱོད་རྒྱུ་ཡོད། ཞིང་དུད་ཀྱིས་འགན་གཙང་བླངས་པའི་ས་ཞིང་རྒྱུན་མཐུད་བརྟན་པོ་ཡོང་བ་བྱས་ནས་འགན་གཙང་སྤྲོད་མཁན་དང་། དེ་བཞིན་དཔལ་འབྱོར་རྩ་འཛུགས་གཞན་དག་དང་མི་སྒེར་གྱིས་ཁྲིམས་འགལ་ངང་ལེགས་སྒྲིག་བྱེད་མི་ཆོག འགན་གཙང་ལེན་མཁན་ཞིང་དུད་ལ་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་ནས་ས་བཅུད་མི་ཉམས་པ་བྱ་རྒྱུའི་ལྕག་སྐུལ་བྱེད་དགོས། ས་གནས་ཁག་གིས་ཞིང་པས་མོས་མཐུན་བྱས་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཞིང་ནང་གི་གཞི་རྩའི་འཛུགས་སྐྲུན་དང་ཟུང་འབྲེལ་བྱས་ཏེ་ས་ཞིང་བརྗེ་རེས་དང་ཟླ་བསྒྲིལ་བཏང་ནས། ཡུག་སྦྲེལ་འདེབས་འཛུགས་བྱེད་ཆོག ཞིང་ལས་གཉེར་སྐྱོང་གི་བྱེད་པོ་གསར་པས་ཞིང་དུད་ཀྱི་འགན་གཙང་བླངས་པའི་ས་ཞིང་བརྒྱུད་བཤུག་བྱས་པ་བརྒྱུད། ས་ཞིང་ལེགས་སྒྲིག་བྱས་ནས་ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས།

བཞི།“ཡུན་རིང་མི་འགྱུར་བ”བྱ་རྒྱུར་བརྟན་པོའི་ངང་སྐུལ་འདེད་གཏོང་དགོས།

(གཅིག) ས་ཞིང་འགན་གཙང་ལེན་པའི་འབྲེལ་བ་བརྟན་དུ་གཏོང་དགོས། རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་བླངས་པའི་དུས་བཀག་ཐིམ་རྗེས་འགན་གཙང་ལེན་པའི་དུས་ཚོད་ནར་འགྱངས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། འགན་གཙང་བླངས་པའི་ས་ཞིང་གི་ བགོ་འགྲེམས་སྐར་གྲངས་མི་འཁྲུག་པ་བྱས་ནས་ཞིང་དུད་མང་ཆེ་བའི་སྔར་ཡོད་ཀྱི་འགན་གཙང་ས་ཞིང་རྒྱུན་མཐུད་བརྟན་པོ་ཡོང་བ་བྱེད་དགོས། འགན་གཙང་བླངས་པའི་ས་ཞིང་རང་བྱུང་གནོད་འཚེ་བྱུང་བའི་དབང་གིས་བེད་མེད་དུ་གྱུར་པ་སོགས་ཀྱི་དམིགས་བསལ་གནས་ཚུལ་མི་ཉུང་བ་ཡོད་པ་དང་། དེ་བཞིན་མང་ཚོགས་ཀྱིས་ས་ཞིང་ལེགས་སྒྲིག་བྱ་རྒྱུའི་རེ་བ་རྒྱ་ཁྱབ་ཏུ་བཏོན་པའི་གྲོང་ཚོ་དང་ཚོགས་ཆུང་ལ་ཆ་མཚོན་ན། སྐབས་དེར་ཁྱོན་ཡོངས་ནས་བརྟན་པོ་དང་ལེགས་སྒྲིག་ཆུང་ངུའི་རྩ་དོན་གཞིར་བཟུང་། ཞིང་པ་མཉམ་སྡེབ་ཀྱི་དམངས་གཙོའི་གྲོས་མོལ་བྱུང་བ་དང་། མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་དེ་གའི་ཁོངས་མིའི་གྲོང་མིའི་ཚོགས་འདུའི་ཐོག་ཁོངས་མི་གསུམ་ཆ་གཉིས་ཡན་ནམ་ཡང་ན་གྲོང་མིའི་འཐུས་མི་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་ཐོབ་པ་མ་ཟད། ཡུལ་ཚོ(གྲོང་རྡལ)སྲིད་གཞུང་དང་རྫོང་རིམ་པའི་སྲིད་གཞུང་གི་ཞིང་ལས་སོགས་སྲིད་འཛིན་གཙོ་གཉེར་སྡེ་ཚན་ལ་སྙན་སེང་ཞུས་པ་བརྒྱུད་ཆོག་མཆན་ཐོབ་པ་བཅས་ཡིན་ཚེ། ཞིང་དུད་རེ་གཉིས་དབར་ལེགས་སྒྲིག་འོས་འཚམ་བྱེད་ཆོག འོན་ཀྱང་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་སྟངས་འཛིན་ནན་པོ་བྱེད་དགོས།

(གཉིས།)རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་བླངས་པའི་དུས་བཀག་ཐིམ་རྗེས་སླར་ཡང་ལོ་སུམ་ཅུ་ནར་འགྱངས་བྱེད་དགོས། ས་ཞིང་འགན་གཙང་གི་དུས་བཀག་སླར་ཡང་ལོ་སུམ་ཅུ་ནར་འགྱངས་བྱས་ནས། གྲོང་གསེབ་ཀྱི་ས་ཞིང་འགན་གཙང་བླངས་པའི་འབྲེལ་བ་དེ་རེས་སྐོར་དང་པོའི་འགན་གཙང་ནས་འགོ་བཙུགས་ཏེ། རྒྱུན་འཁྱོངས་བརྟན་པོ་ཐུབ་ཚད་ལོ་བདུན་ཅུ་དོན་ལྔ་ཟིན་པ་བྱ་རྒྱུ་དེ་ནི“ཡུན་རིང་མི་འགྱུར་བ”བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད། ད་ཡོད་ཀྱི་འགན་གཙང་བླངས་པའི་ས་ཞིང་རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་བླངས་པའི་དུས་བཀག་ཐིམ་རྗེས་ཞིང་དུད་ཀྱིས་མུ་མཐུད་འགན་གཙང་ལེན་རྒྱུ་དང་། འགན་གཙང་བླངས་པའི་དུས་བཀག་སླར་ཡང་ལོ་སུམ་ཅུ་ནར་འགྱངས་བྱ་རྒྱུ། ས་གནས་ཁག་གི་རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་བླངས་པའི་དུས་བཀག་ཐིམ་པ་འགོ་འཛུགས་སར་རྩིས་ནས་རྩིས་རྒྱག་རྒྱུ་རེད། འགན་གཙང་བླངས་པའི་ས་ཞིང་གི་དབང་ཆ་གཏན་འཁེལ་གྱི་ཐོ་འགོད་ལག་ཁྱེར་རྨང་གཞིར་བྱས་ཏེ། སྤྲད་ཟིན་པའི་ས་ཞིང་འགན་གཙང་བླངས་པའི་དབང་ཆའི་ལག་ཁྱེར་དེ་འགན་གཙང་བླངས་པའི་དུས་བཀག་གསར་པར་མུ་མཐུད་གོ་ཆོད་པ་མ་ཟད་འགྱུར་བ་མེད་པ་དང་མི་བརྗེ་རྒྱུ། ལག་ཁྱེར་ཐོག་འཁོད་པའི་འགན་གཙང་དུས་བཀག་སྐབས་དེར་གཅིག་གྱུར་ཐོག་བཟོ་རྒྱུ། རེ་གཉིས་ཀྱིས་ས་ཞིང་ལེགས་སྒྲིག་བྱས་པའི་རིགས་གན་རྒྱ་དང་། ཐོ་དེབ། ལག་ཁྱེར་བཅས་ཀྱི་ཐོག་དེ་མཚུངས་ཀྱི་བཟོ་བཅོས་རྒྱག་རྒྱུ།

(གསུམ།)“མི་མང་དུ་ཕྱིན་ནའང་ས་ཞིང་མང་དུ་མི་གཏོང་རྒྱུ་དང་མི་ཉུང་དུ་ཕྱིན་ནའང་ས་ཞིང་ཉུང་དུ་མི་གཏོང་རྒྱུ”མུ་མཐུད་དར་སྤེལ་གཏོང་དགོས། འགན་གཙང་བླངས་པའི་ས་ཞིང་འགྱུར་ལྡོག་ཡང་ཡང་གཏོང་བའི་གནས་ཚུལ་མི་ཐོན་པ་དང་རྨོ་ཞིང་གཉེར་སྐྱོང་གི་གཞི་ཁྱོན་རྒྱུན་ཆད་མེད་པར་ཞིབ་བགོ་བྱེད་པའི་གནས་ཚུལ་སྔོན་འགོག་བྱ་ཆེད། འགན་གཙང་བླངས་པའི་དུས་བཀག་གསར་པར་སླེབས་རྗེས། འགན་གཙང་ལེན་མཁན་ཁྱིམ་ཚང་གི་མི་འབོར་མང་དུ་ཕྱིན་པ་དང་། ས་ཞིང་དཀོན་པ། ས་ཞིང་ཉུང་དུ་ཕྱིན་པ་བཅས་ཀྱི་རྐྱེན་པས་འཚོ་བར་དཀའ་ངལ་འཕྲད་རིགས་ལ། ལས་ཞུགས་ཀྱི་རྩལ་ནུས་མཐོ་རུ་གཏོང་རོགས་བྱེད་དགོས་པ་དང་ལས་ཞུགས་ཞབས་ཞུ་མཁོ་འདོན་བྱས་ནས་སྤྱི་ཚོགས་འགན་སྲུང་གི་ལས་དོན་ཡག་པོ་སྒྲུབ་དགོས། ནང་མི་ཚང་མ་གྲོངས་ནས་འགན་གཙང་ལེན་མཁན་མེད་པར་གྱུར་རིགས་ལ། འགན་གཙང་སྤྲོད་མཁན་ཕྱོགས་ཀྱིས་ཁྲིམས་ལྟར་འགན་གཙང་བླངས་པའི་ས་ཞིང་ཚུར་བསྡུས་ནས་ཟུར་དུ་འགན་གཙང་སྤྲོད་རྒྱུ། ཁྱིམ་ཚང་གིས་འགན་གཙང་བླངས་པ་བརྒྱུད་ས་ཞིང་འགན་གཙང་ལེན་པའི་དབང་ཆ་ཐོབ་པའི་རིགས་འགན་གཙང་ལེན་མཁན་ཕྱོགས་ལ་ཐོབ་པའི་འགན་གཙང་གི་ཕན་འབྲས་ཤུལ་འཛིན་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་ཤུལ་འཛིན་བྱ་རྒྱུ།

(བཞི།)ས་ཞིང་འགན་གཙང་དབང་ཆ་ཁྲིམས་ལྟར་རང་མོས་དང་རིན་དོད་ངང་ནང་བཤུག་གཏོང་བའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། གྲོང་ཁྱེར་དུ་སྐྱོད་མཁན་ཞིང་དུད་ཀྱི་ས་ཞིང་འགན་གཙང་བླངས་པའི་དབང་ཆ་སྲུང་སྐྱོང་བྱས་ཏེ་ད་ལྟའི་དུས་མཚམས་སུ་ས་ཞིང་འགན་གཙང་བླངས་པའི་དབང་ཆ་ནས་དོན་པ་དེ་ཞིང་དུད་གྲོང་ཁྱེར་དུ་གཞིས་ཆགས་པའི་ཆ་རྐྱེན་དུ་བརྩི་མི་རུང་། གྲོང་ཁྱེར་དུ་གཞིས་ཆགས་པའི་འགན་གཙང་ལེན་མཁན་ཞིང་དུད་ཀྱིས་རང་མོས་དང་རིན་དོད་ཀྱི་རྩ་དོན་གཞིར་བཟུང་ཁྲིམས་ལྟར་དེའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ནང་ས་ཞིང་འགན་གཙང་ལེན་པའི་དབང་ཆ་ནང་བཤུག་གཏོང་བའམ་ཡང་ན་འགན་གཙང་བླངས་པའི་ས་ཞིང་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ལ་ཕྱིར་སློག་བྱེད་པ་དང་། ས་ཞིང་འགན་གཙང་ལེན་མཁན་ཞིང་དུད་ཀྱིས་བྱ་ཐབས་སྣ་ཚོགས་ཀྱི་ཐོག་ནས་ས་ཞིང་འགན་གཙང་གི་གཉེར་སྐྱོང་དབང་ཆ་ནང་བཤུག་བྱ་རྒྱུར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་དགོས། ཡུན་རིང་དོར་བའི་འགན་གཙང་བླངས་པའི་ས་ཞིང་ཐད་འགན་གཙང་སྤྲོད་མཁན་ཕྱོགས་ཀྱིས་ཁྲིམས་ལྟར་བྱ་ཐབས་སྤྱད་དེ་འགན་གཙང་བླངས་པའི་ས་ཞིང་དོར་བའི་བྱེད་སྤྱོད་བཀག་འགོག་དང་ཡོ་བསྲང་བྱེད་དགོས།

ལྔ།“ཡུན་རིང་མི་འགྱུར་བའི”རྨང་གཞིའི་ལས་དོན་ཡག་པོ་བསྒྲུབ་དགོས།

(གཅིག) ས་ཞིང་འགན་གཙང་བླངས་པའི་དབང་ཆ་གཏན་འཁེལ་ཐོ་འགོད་ལག་ཁྱེར་སྤྲོད་པའི་ལས་དོན་ཡག་པོ་བསྒྲུབ་དགོས། ས་ཞིང་འགན་གཙང་བླངས་པའི་གཏན་འཁེལ་ཐོ་འགོད་ལག་ཁྱེར་སྤྲོད་པ་ནི་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་ལེན་པའི་འབྲེལ་བ་བརྟན་དུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ།“ཡུན་རིང་མི་འགྱུར་བ”དོན་འཁྱོལ་བྱེད་པའི་སྔོན་འགྲོ་གལ་ཆེན་དང་རྩ་བའི་གཞི་འཛིན་ས་ཞིག་ཀྱང་ཡིན། 2018ལོའི་ལོ་མཇུག་གོང་དབང་ཆ་གཏན་འཁེལ་གྱི་ཐོ་འགོད་ལག་ཁྱེར་སྤྲོད་པའི་ལས་དོན་སྤྱིར་ན་ལེགས་གྲུབ་བྱུང་བའི་རྨང་གཞིའི་ཐོག་མཇུག་བསྡུའི་ལས་དོན་མུ་མཐུད་ཡག་པོ་བསྒྲུབ་པ་དང་། ལྷག་འཕྲོའི་གནད་དོན་ཐག་གཅོད་བྱེད་པ། འགན་གཙང་ལེན་པའི་གན་རྒྱར་ཐོབ་པའི་དབང་ཆ་དང་། ཐོ་འགོད་དབང་ཆ། ལག་ཁྱེར་ར་སྤྲོད་དབང་ཆ་བཅས་ཀྱི་དབང་ཆ་གཏན་འཁེལ་གྱི་ཐོ་འགོད་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། འགྱུར་མེད་རྒྱུ་ནོར་གཅིག་གྱུར་ཐོ་འགོད་ལས་དོན་དང་སྦྲེལ་མཐུད་ཡག་པོ་བྱེད་པ། ཞིང་པར་དེ་བས་འགན་སྲུང་ཡོད་པའི་ས་ཞིང་འགན་གཙང་ལེན་པའི་དབང་ཆ་སྤྲོད་པ་བཅས་བྱས་ཏེ“ཡུན་རིང་མི་འགྱུར་བ”བྱ་ཆེད་རྨང་གཞི་བརྟན་པོ་འདིང་དགོས།

(གཉིས།)གྲོང་གསེབ་ཀྱི་ས་ཞིང་བདག་དབང་དང་། འགན་གཙང་ལེན་པའི་དབང་ཆ། གཉེར་སྐྱོང་དབང་ཆ་བཅས“དབང་ཆ་གསུམ”ཁག་བགོས་བཀོད་སྒྲིག་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་དོན་འཁྱོལ་བྱེད་དགོས། གྲོང་གསེབ་ཀྱི་ས་ཞིང་མཉམ་སྡེབ་ལ་དབང་བའི་ལམ་ལུགས་མངོན་འགྱུར་བྱེད་ཐབས་ནུས་ལྡན་ཟམ་མི་ཆད་པར་འཚོལ་ཞིབ་བྱས་ཏེ། བདག་དབང་དང་། འགན་གཙང་དབང་ཆ། གཉེར་སྐྱོང་དབང་ཆ་བཅས་རང་ངོས་ཀྱི་ནུས་པ་དང་ཁྱོན་ཡོངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རིམ་པ་ཁ་གསལ་དང་། གྲུབ་ཆ་ལུགས་མཐུན། འདྲ་མཉམ་སྲུང་སྐྱོང་བཅས་ཀྱི་རྣམ་པ་གྲུབ་པ་བྱེད་དགོས། ཞིང་པ་མཉམ་སྡེབ་དང་འགན་གཙང་ལེན་མཁན་ཞིང་དུད་དང་དེ་བཞིན་ས་ཞིང་ནང་བཤུག་བྱེད་རིང་གི་འགན་གཙང་ལེན་མཁན་ཞིང་དུད་དང་གཉེར་སྐྱོང་བྱེད་པོའི་དབང་མཚམས་དང་ཕན་ཚུན་དབར་གྱི་དབང་ཆའི་འབྲེལ་བ་སོགས་ཀྱི་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་བྱས་ནས་ཞིང་དུད་ཀྱི་ས་ཞིང་འགན་གཙང་ལེན་པའི་དབང་ཆ་ཁག་སྲུང་སྐྱོང་གང་ལེགས་བྱེད་དགོས། ས་ཞིང་གཉེར་སྐྱོང་དབང་ཆ་ནང་བཤུག་གཏོང་བའི་ཁྲོམ་ར་འཐུས་སྒོ་ཚང་དུ་གཏོང་བ་དང་། ས་ཞིང་ནང་བཤུག་གཏོང་བའི་ཚད་ལྡན་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ས་ཞིང་གཉེར་སྐྱོང་དབང་ཆ་དེ་བས་ལྷུག་ཏུ་གཏོང་བའི་བྱེད་ཐབས་ནུས་ལྡན་མང་པོ་འཚོལ་ཞིབ་བྱེད་དགོས།

(གསུམ།)གྲོང་གསེབ་ཀྱི་ས་ཞིང་འགན་གཙང་ལེན་པའི་འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས། ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་སྲིད་ཇུས་གཞིར་བཟུང་། འབྲེལ་ཡོད་བཅའ་ཁྲིམས་བཟོ་བཅོས་རྒྱག་རྒྱུར་དམ་འཛིན་བྱས་ཏེ“ཡུན་རིང་མི་འགྱུར་བ”བྱེད་པ་དང་། ཞིང་དུད་ཀྱི་ས་ཞིང་འགན་གཙང་ལེན་པའི་དབང་ཆ་སྲུང་སྐྱོང་བྱེད་པ་སོགས་ཐད་ཀྱི་ལམ་ལུགས་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་བླངས་པའི་དུས་བཀག་མ་ཐིམ་གོང་། ཀྲུང་དབྱང་གྲོང་གསེབ་གཞུང་དོན་ཁང་དང་ཞིང་ལས་གྲོང་གསེབ་པུའུ་སོགས་སྡེ་ཚན་གྱིས་རྟ་སྒ་ཆ་སྒྲིག་གི་སྲིད་ཇུས་ཞིབ་འཇུག་བྱས་ནས་བཏོན་ཏེ། ས་གནས་ཁག་ལ་རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་བླངས་པའི་དུས་བཀག་ཐིམ་རྗེས་འགན་གཙང་ལེན་པའི་དུས་བཀག་ནར་འགྱངས་བྱ་རྒྱུའི་ཞིབ་ཕྲའི་བྱེད་ཐབས་ཁ་གསལ་བཟོ་རྒྱུར་མཛུབ་ཁྲིད་བྱས་ནས་སྲིད་ཇུས་འབྲེལ་མཐུད་དང་བརྟན་པོའི་ངང་བར་བརྒལ་ཡོང་བ་བྱེད་དགོས།

(བཞི།)སྲིད་ཇུས་དྲིལ་བསྒྲགས་དང་ཁྲིད་སྟོན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་དགོས། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ་དང་། གསར་འགྱུར་སྨྱན་སྦྱོར་ཁག་གིས་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། “ཡུན་རིང་མི་འགྱུར་བའི”སྲིད་ཇུས་གསལ་འགྲེལ་དང་ལས་སྒོ་གསོ་སྦྱོང་གི་ལས་དོན་ཡག་པོ་སྒྲུབ་པ། དུས་ཐོག་དང་། གང་ལེགས། དམིགས་ས་ཡོད་པ་བཅས་ཀྱི་སྒོ་ནས་ཆ་འཕྲིན་ཡོངས་བསྒྲགས་བཅས་བྱས་ནས་རྒྱ་ཆེའི་ཞིང་པ་དང་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཚོས་ཏང་དང་རྒྱལ་ཁབ་ཀྱི་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་ལེན་པའི་སྲིད་ཇུས་ཕྱོགས་ཡོངས་དང་གནད་ལ་འཁེལ་བའི་སྒོ་ནས་ཤེས་པ་བྱེད་དགོས། སྲིད་ཇུས་དོན་འཁྱོལ་བྱེད་རིང་ཐོན་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་དོ་ཁུར་ཟབ་མོ་བྱས་ཏེ། ཁ་གཏད་ཧུར་ཐག་གཅོག་པ་དང་ཐག་གཅོད་འོས་འཚམ་བྱེད་པ་དང་འབྲེལ་གནད་དོན་གལ་ཆེན་དུས་ཐོག་ཏུ་སྙན་སེང་ཡང་ཞུ་དགོས།

ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)ཁག་གི་ཏང་ཨུ་དང་སྲིད་གཞུང་གིས“ཡུན་རིང་མི་འགྱུར་བའི”གལ་ཆེའི་རང་བཞིན་དང་། ཆ་ལག་ཚང་བའི་རང་བཞིན། ཡུན་རིང་རང་བཞིན་བཅས་ལ་ངོས་འཛིན་གང་ལེགས་བྱེད་པའི་ཁར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བླང་བྱ་གཞིར་བཟུང་། འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། ལས་དོན་གྱི་འགན་འཁྲི་དོན་འཁྱོལ་བྱེད་པ། “ཡུན་རིང་མི་འགྱུར་བའི”གཙོ་གནད་དང་དཀའ་གནད་ལ་ཞིབ་འཇུག་ཐག་གཅོད་བཅས་བྱས་ཏེ། “ཡུན་རིང་མི་འགྱུར་བ”དང་རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་བླངས་པའི་དུས་བཀག་ཐིམ་རྗེས་སླར་ཡང་ལོ་སུམ་ཅུ་ནར་འགྱངས་བྱ་རྒྱུའི་སྲིད་ཇུས་ས་གནས་དེ་རང་དུ་བདེ་བླག་ངང་ལག་བསྟར་ཡོང་བའི་འགན་ལེན་བྱེད་དགོས། རྫོང་རིམ་པའི་ཏང་ཨུ་དང་སྲིད་གཞུང་གི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་དགོས་ཤིང་། རྫོང་རིམ་པས་ཞིབ་ཕྲའི་གནད་དོན་ལ་དམིགས་ནས་ལས་དོན་གྱི་ཇུས་གཞི་བཟོ་བ་དང་ས་གནས་དེ་རང་གི་དོན་དངོས་དང་ཟུང་འབྲེལ་གྱིས་སྒྲིག་འཛུགས་དང་ལག་བསྟར་ཚགས་ཚུད་བྱས་ནས“ཡུན་རིང་མི་འགྱུར་བའི”སྲིད་ཇུས་དོན་འཁྱོལ་དང་འགན་གཙང་བླངས་པའི་དུས་བཀག་བརྟན་པོའི་ངང་ནར་འགྱངས་ཐུབ་རྒྱུ་འགན་ལེན་བྱས་ཏེ་གྲོང་གསེབ་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བ་བྱེད་དགོས། འབྲེལ་ཡོད་སྡེ་ཚན་ཁག་གིས་འགན་འཁྲི་ཁག་བགོས་གཞིར་བཟུང་རང་འགུལ་ངང་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་པ་དང་། ལས་ཀའི་མཉམ་ཤུགས་ཤིག་ཆགས་པར་བྱེད་པ། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཞིང་པའི་ས་ཞིང་འགན་གཙང་བླངས་པའི་དབང་ཆ་ཁག་སྲུང་སྐྱོང་ཡག་པོ་དང་མངོན་འགྱུར་ཡག་པོ་བཅས་བྱས་ཏེ། གྲོང་གསེབ་ཡུན་རིང་བདེ་འཁོད་ཡོང་བའི་འགན་ལེན་བྱེད་དགོས།

(《བོད་ལྗོངས་ཉིན་རེའི་ཚགས་པར》ལས་བཤུས།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2019-12-06 4 4 阿坝日报藏文 c97431.html 1 ས་ཞིང་འགན་གཙང་ལེན་པའི་འབྲེལ་བ་བརྟན་པོ་ཡོང་བ་དང་ཡུན་རིང་མི་འགྱུར་བ་རྒྱུན འཁྱོངས་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར། /enpproperty-->