数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第11版:教 研

འགྱུར་རྩོམ་གྱིས་སློབ་གསོ་ལ་ཐེབས་པའི་ཤུགས་རྐྱེན།

པད་མ་ཚེ་འཚོ། 【ལྷོ་ནུབ་མི་རིགས་སློབ་ཆེན།2017ལོའི་རྒྱ་བོད་འཛིན་གྲྭ།】

ནང་དོན་གནད་བསྡུས།

བསླབ་དེབ་ནི་སློབ་མ་དང་བར་ཐག་ཆེས་ཉེ་བའི་དཔེ་དེབ་ཅིག་ཡིན་ཞིང་།དེས་སློབ་མའི་ཤེས་བྱ་གསོག་འཇོག་དང་འཇོན་ནུས་བསྐྱེད་བསྲིང་།ཀུན་སྤྱོད་ལེགས་བཅོས་སོགས་ལ་ནུས་པ་མི་དམན་པ་ཐོན་བཞིན་ཡོད།དེ་བས།དཔྱད་རྩོམ་འདིའི་ནང་དུ་ཡང་མཐོ་འབྲིང་གི་བོད་ཡིག་བསླབ་དེབ་ཏུ་བཀོད་པའི་འགྱུར་རྩོམ་ཁག་ཞིབ་འཇུག་བྱ་ཡུལ་དུ་བཟུང་ནས། དེས་སློབ་གསོ་ལ་ཐེབས་པའི་ཤུགས་རྐྱེན་དང་བརྗོད་བྱ་འདེམ་འཁོད་ཐད་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ཡོད།

བརྡ་ཆད་གཙོ་བོ། བོད་སྐད་ཡིག་བསླབ་དེབ། སློབ་གསོ། བརྗོད་བྱ།

སྐད་ཡིག་བསླབ་གཞིའི་ཁྲོད་ཀྱི་སྒྱུར་རྩོམ་གྱི་རྒྱུ་སྤུས་བཟང་ངན་གྱིས་སློབ་མའི་སློབ་སྦྱོང་གི་སྤྲོ་བ་དང་ཆུ་ཚད་སོགས་ལ་ཐད་ཀར་ཤན་ཤུགས་ཐེབས་བཞིན་ཡོད། བོད་རང་གི་སྐད་ཡིག་བསླབ་གཞི་ཡིན་ན་འགྱུར་རྩོམ་གྱི་ནང་དོན་འདེམ་བཀོད་དང་ཚིག་གི་སྒྱུར་སྟངས་སོགས་ཀྱི་ཆ་ནས་བོད་ཀྱི་ཡུལ་སྲོལ་གོམས་གཤིས་དང་རིག་གནས་ཀྱི་ཁྱད་ཆོས། སློབ་གསོའི་ཁྱད་ཆོས། སློབ་གསོ་བྱ་ཡུལ་གྱི་སེམས་ཁམས་ཀྱི་ཁྱད་ཆོས་སོགས་དང་ཅུང་ཐག་ཉེ་བའི་རྩོམ་ཡིག་འདེམས་བཀོད་བྱས་ན་འགྲིག་སྙམ། དེ་ལྟར་བྱས་ན་སློབ་མས་དོན་རྟོགས་སླ་ཞིང་ཡིད་ལ་འཛིན་བདེ་བ། སྦྱངས་ཟིན་པའི་ཤེས་བྱ་དག་ནམ་ནམ་ཞར་ཞར་བཀོལ་ཐུབ་པར་མ་ཟད། འགྱུར་རྩོམ་ཀློག་པའི་འདུན་པ་དང་དགའ་ཞེན་ཡང་སྐྱེ་སྲིད།འགྱུར་མའི་ཚིག་གི་གོ་རིམ་དང་དོན་གྱི་སྔ་ཕྱི་སོགས་བོད་རང་གི་བཅད་ལྷུག་སྤེལ་མ་གསུམ་གྱི་རྣམ་པ་ལ་བརྟེན་ནས་སྐད་བརྡ་རིག་པ་དང་སྙན་ཚིག་རིག་པ། ནང་དོན་རིག་པ། ཚད་མ་རིག་པ། སློབ་གསོ་རིག་པ། ལོ་ཙཱ་རིག་པ་སོགས་ཀྱི་ཁྱད་ཆོས་འཛོམས་ན། སློབ་མས་བོད་རང་ལའང་ཐུན་མོང་མ་ཡིན་པའི་འབྲི་ཚུལ་འདི་ལྟ་བུ་དང་རིག་ཚན་སོ་སོའི་བར་ལ་འབྲེལ་བ་འདི་ལྟ་བུ་ཞིག་ཡོད་པ་ཤེས་ནས་རང་གི་རིག་གནས་ལའང་བརྩི་མཐོང་དང་སྦྱོང་འདོད་སྐྱེ་སྲིད། དེང་གི་བོད་ཡིག་བསླབ་དེབ་ཁྲོད་དུ་བཀོད་ཟིན་པའི་འགྱུར་རྩོམ་དག་ལ་ལོ་ཙཱའི་གནད་དོན་གོང་གི་སྡེ་ཚན་དག་ལས་དཔྱད་པ་ཇི་བཞིན་གང་མང་མཆིས། གནད་དོན་དེ་དག་གིས་དགེ་སློབ་མི་ཉུང་བ་ལ་མ་ཡིག་གི་མིང་བརྡ་ལོག་རྟོགས་དང་གོ་བ་ལོག་ལེན། ཐ་ན་དོན་སྙིང་མི་གསལ་བ་སོགས་དཀའ་ཁག་རབ་དང་རིམ་པ་བཟོ་བཞིན་ཡོད། བོད་ཡིག་གིས་ངོ་སྤྲོད་ཐུབ་པའི་ཤེས་བྱ་ཞིག་འགྱུར་རྩོམ་གྱི་ལམ་ནས་བརྗོད་པ་ནི་དྲང་ལམ་མ་དེད་པར་སྐོར་ལོག་ཏུ་ཕྱིན་པ་དང་འདྲ་བས་དགོས་པ་མེད་པ་དང་། འགྱུར་རྩོམ་ལ་བོད་ཡིག་གི་ཚིག་ཉམས་དང་དག་ཆ་སོགས་ལེགས་པར་མ་ཐོན་པས། བོད་རིགས་སློབ་མའི་བོད་ཡིག་ཆུ་ཚད་འཕེལ་བར་རམ་འདེགས་ཀྱི་ནུས་པ་མ་ཐོན་པ། རྒྱ་ཡིག་བསླབ་དེབ་ཏུ་བསླབས་ཟིན་པ་རྣམས་བོད་ཡིག་ལ་བསྒྱུར་ནས་ཡང་བསྐྱར་སློབ་པ་སོགས་དགོས་མེད་ཀྱི་དུས་ཚོད་འཕྲོ་བརླག་གཏོང་བ་སོགས་ཀྱི་སྣང་ཚུལ་ཡོད་པ་ཡང་དོན་དངོས་ཡིན། ད་ལྟ་བོད་རང་གི་མཐོ་འབྲིང་གི་སློབ་མ་ཕྱེད་ཀས་ཐ་ན་སྐད་ཡིག་བསླབ་གཞི་སྒྲ་དག་ཅིང་དོན་གསལ་བར་ཀློག་འདོན་བྱེད་རྒྱུ་ལའང་དཀའ་ཁག་ཆེན་པོར་ཡོད་འདུག འགྱུར་རྩོམ་གྱིས་སློབ་གསོ་ལ་གོང་དཔྱད་ལྟ་བུའི་ཤུགས་རྐྱེན་ཐེབས་སྲིད་པས། ལོ་ཙཱའི་ཁྱབ་ཁོངས་ནི་གསུང་རྩོམ་དང་གསུང་བཤད། སྙན་ཞུ། ཆབ་སྲིད་ཀྱི་ཡིག་ཆ་སྣ་ཚོགས་ལས་རྩོམ་རིག་ཆིག་རྐྱང་ནས་བཤད་ན་རྒྱ་ནག་གི་བརྩམས་ཆོས་གྲགས་ཅན་བཞི་པོའང་ད་སྔོན་ད་དུང་ཆ་ཚང་དུ་བསྒྱུར་ཐུབ་མེད། ལར་ལོ་ཙཱའི་ལས་ཀ་ལ་ཞུགས་མཁན་ཁ་ཤས་ཀྱིས་མི་རིགས་གཞན་པའི་མཚན་ཉིད་དང་མཛེས་བཟོའི་རིག་པ། ཆོས་ལུགས། མི་ཆོས་སོགས་སྐོར་གྱི་གཞུང་དེ་དག་ནི་བོད་ཀྱི་དངོས་ཡོད་འཚོ་བ་རུ་བཀོལ་སྤྱོད་མེད་པས་བསྒྱུར་དགོས་དོན་མེད་པར་འདོད། བསླབ་དེབ་རྩོམ་སྒྲིག་ཁང་དང་ལོ་ཙཱ་བ་ཚོས་བསྒྱུར་བའི་བརྩམས་ཆོས་དེ་སློབ་མས་སྦྱང་ཀློག་འདོད་མིན་དང་སྦྱང་ན་ཕན་ཐོགས་ཡོད་མིན་ལ་དམིགས་ཏེ། བསྒྱུར་བའི་འགྱུར་རྩོམ་གྱི་མེ་ཏོག་ལ་འཚོ་བའི་དྲི་ངད་འཐུལ་ཞིང་སྤྱོད་སྒོ་ཆེ་བ་སྟེ་གོ་ཆོད་པོ། ཡར་བསྐྱེད་ཀྱི་སྤོབས་པ་སྟེར་བ་ཞིག་ཡིན་ན། དྲི་ཞིམ་གྱི་མེ་ཏོག་ལ་འུར་འུར་གྱི་རྐང་དྲུག་རང་བཞིན་དུ་འཁོར་བ་ཇི་བཞིན་ཤེས་བྱའི་གཤོག་རྩལ་རྒྱས་པའི་སློབ་བུ་ཚོས་ལེགས་སྦྱོང་དང་ཉམས་ལེན་བྱ་ངེས་པ་ནི་གདོན་མི་ཟ། དེ་ལས་ལྡོག་སྟེ་མ་སྦྱངས་ན་མི་ཆོག་ཅིང་སྦྱངས་ཟིན་ན་སློབ་མའི་དུས་ཚོད་དང་སེམས་ཤུགས་བཅས་ཆུད་ཟོས་སུ་གཏོང་སྲིད་པའི་བརྩམས་ཆོས་དེ་ཚོ་མ་འཁོད་ན་ལེགས་སྙམ།

གཅིག རྩོམ་ཁུངས་དག་མ་དང་ནང་དོན་ལ་ཡར་སྐུལ་གྱི་རང་བཞིན་ལྡན་དགོས།

མཐོ་འབྲིང་བོད་ཡིག་བསླབ་དེབ་ཁག་ནི་གཙོ་ཆེར་མཐོ་འབྲིང་གི་རྒྱའི་སྐད་ཡིག་གི་ངེས་ཀློག་དང་འདེམས་སྦྱོང་གི་བསླབ་དེབ་ཁག་ལས་བསྒྱུར་བ་ཡིན་ཞིང་། འགྱུར་རྩོམ་མང་དག་ཅིག་གི་མ་ཡིག་རྒྱ་ཡིག་ཡིན་ཞིང་། འགྱུར་རྩོམ་རེ་གཉིས་ཤིག་གི་མ་ཡིག་ཕྱི་རྒྱལ་གྱི་ཡི་གེ་ཡིན་པ་དང་དེ་རྒྱ་འགྱུར་བྱས་པའི་པར་མ་གཞིར་བཟུང་ནས་བོད་ཡིག་ཏུ་བསྒྱུར་བ་ཡིན་པས། དེ་ལ་ཡང་མ་ཡིག་དང་བར་ཐག་ཅུང་རིང་བའི་གནད་དོན་ཞིག་འདུག ཨ་ལག་ཚེ་ཏན་ཞབས་དྲུང་ལགས་ཀྱིས“དེང་སང་གི་སློབ་གྲྭ་བ་ལ་ཆུང་དུས་ནས་རྒྱ་ཡིག་ལས་བསྒྱུར་བའི་སློབ་དེབ་སྟེང་ནས་བསླབས་པ་ཤ་སྟག་ཡིན་པས། དེའི་ཚིག་སྦྱོར་ལ་སྒྱུར་རྩོམ་གྱི་ཤན་ཡོད་སྟབས། བོད་རང་གི་མཁས་པའི་བརྩམས་པའི་ཚིག་སྦྱོར་བུང་བའི་གཤོག་སྒྲ་ལྟ་བུའི་སྙན་ཆ་དེ་གཏན་ནས་མེད། དེའི་ཕྱིར་ལད་མོ་བྱེད་ས་དེ་འཆུག་མི་ཉན། དེ་ཧ་ཅང་གལ་ཆེན་གཅིག་རེད།”ཅེས་གསུངས་པ་ལྟར། བསླབ་དེབ་ཏུ་འཇོག་པའི་བསྒྱུར་རྩོམ་འདམ་པར་གང་ཞིག་གདམ་པའི་རྩོམ་ཁུངས་དེ་འཆུག་མི་རུང་། རྒྱའི་མཐོ་འབྲིང་སློབ་མ་དང་བོད་ཀྱི་མཐོ་འབྲིང་སློབ་མར་རིག་གནས་སེམས་ཁམས་དང་། ཡུལ་སྲོལ་གོམས་གཤིས། མི་ཚེའི་དམིགས་འདུན་སོགས་ཀྱི་ཐད་མི་འདྲ་བའི་ཆ་མང་པོ་ཞིག་ཡོད་པས། བསླབ་དེབ་ཏུ་འགོད་པའི་འགྱུར་རྩོམ་གྱི་བརྒྱ་ཆ་དགུ་བཅུ་གོ་ལྔ་ཙམ་རྒྱ་ཡིག་གི་མཐོ་འབྲིང་སྐད་ཡིག་དཔེ་དེབ་ལ་གཞི་བཅོལ་བ་ནི་ཧ་ཅང་ལེགས་པོ་ཞིག་མ་ཡིན། ད་དུང་དབྱིན་ཡིག་དང་ཨུ་རུ་སུའི་སྐད་ནས་བསྒྱུར་བའི་རྩོམ་ཡིག་དག་ནི་ཚུར་རྒྱ་ཡིག་ལ་བསྒྱུར་བའི་སྐབས་སུ་གཅོད་གཏུབ་དང་ནོར་འཁྲུལ་ཅི་རིགས་ཤིག་ཡོད་ངེས་མོད། ཚུར་བོད་ཡིག་ཏུ་བསྒྱུར་སྐབས་མ་ཡིག་དང་བསྡུར་བ་བྱ་མ་ཐུབ་པར་རྒྱ་འགྱུར་མ་གཞིར་བཟུང་བ་དང་། རྒྱ་འགྱུར་གཞན་དག་ལ་བསྡུར་དཔྱད་ཀྱང་མ་བྱས་པར་རྒྱ་ཡིག་བསླབ་དེབ་ཏུ་བཀོད་པ་གང་ཞིག་ཚད་མར་བཟུང་བ་ནི་དུ་བ་བྱས་བྱས་སར་བརྒྱུགས་ན། རོ་སྲེག་སའི་བར་སླེབས་ཀྱང་སྲིད་པའི་དཔེ་རུ་མི་འགྲོ་བའི་ངེས་པ་མེད་དོ།

གཉིས། འགྱུར་རྩོམ་གྱི་འགན་འཁྲི་དང་དགོས་གལ་ཐད་ཀྱི་བསམ་གཞིགས།

བསླབ་དེབ་གང་ཞིག་ཡིན་རུང་བསླབ་དེབ་དེ་རང་གི་འགན་ནུས་ཤིག་ཡོད་དེ། དཔེར་ན། སློབ་སྔོན་སློབ་གསོའི་བོད་ཡིག་དཔེ་དེབ་ཅིག་ཡིན་ན། བོད་ཡིག་གི་གསལ་བྱེད་སུམ་ཅུ་དང་དབྱངས་བཞི་སོགས་ངེས་པར་དུ་ཡིད་ལ་ངོས་ཟིན་དུ་འཇུག་པ་ཞིག་ཡིན་དགོས་པ་ཇི་བཞིན། མཐོ་འབྲིང་གི་བོད་ཡིག་བསླབ་དེབ་ཅིག་ཡིན་ནའང་དུས་རབས་ཉེར་གཅིག་པའི་བོད་ཡིག་གཙོ་བོའི་མཐོ་འབྲིང་སློབ་མ་ཞིག་གི་ཤེས་བྱའི་དགོས་མཁོ་སྐོང་ཐུབ་པ་དང་། དུས་རབས་ཀྱི་ཆ་འཕྲིན་བརྒྱུད་སྤྲོད་བྱེད་པ། བོད་སྐད་ཡིག་གི་ཆུ་ཚད་ངེས་ཅན་ཞིག་ལ་སླེབས་པར་རམ་འདེགས་ནུས་པ་ངེས་པར་དུ་ཚང་དགོས། མཐོ་འབྲིང་བོད་ཡིག་བསླབ་དེབ་ཏུ་འཁོད་པའི་འགྱུར་རྩོམ་དག་ལ་ཡང་འོས་འཚམ་གྱི་འགན་འཁྲི་ཞིག་ཡོད་དེ། བོད་ཡིག་གི་ལམ་ནས་བྲིས་པའི་རྩོམ་ཡིག་གིས་བརྒྱུད་སྤྲོད་བྱེད་མ་ཐུབ་པའི་ཤེས་བྱ་མཁོ་སྤྲོད་བྱེད་པ་དང་། བོད་ཡིག་གི་ལམ་ནས་མཚོན་མ་ཐུབ་པའི་བསམ་གཞིགས་དང་རིག་པ་གཏོང་སྟངས་ངོ་སྤྲོད་པ། དུས་རབས་གསར་བའི་ནང་དུ་རིག་གནས་གསར་བ་ནང་འདྲེན་གྱི་ལམ་སྟོན་པ་སོགས་ཀྱི་འགན་འཁྲི་ཞིག་ངེས་པར་དུ་འགྲུབ་དགོས་པར་བསམ་སྟེ། འགན་འཁྲི་དེ་དག་མ་གྲུབ་ན་བོད་ཡིག་བསླབ་དེབ་ལ་འགྱུར་རྩོམ་འགོད་པའི་དགོས་པ་ཡང་མེད་པར་འདོད།

རྗེས་ཕྱོགས་ཀྱི་མཐོ་འབྲིང་བོད་ཡིག་བསླབ་དེབ་རྩོམ་སྒྲིག་བྱེད་སྐབས་བོད་ཡིག་གི་ལམ་ན་མེད་པའི་རིག་ཚན་གསར་བ་ངོ་སྤྲོད་སོགས་སུ་རྒྱ་ཡིག་དང་ཡིག་རིགས་གཞན་ལས་བསྒྱུར་བའི་འགྱུར་རྩོམ་འགོད་པ་དང་གཅིག བོད་སྐད་ཡིག་བསླབ་དེབ་ཡིན་པའི་རྩ་བའི་བླ་སྲོག་མ་བོར་བ་བྱས་ཏེ་དེར་འཁོད་ཀྱི་འགྱུར་རྩོམ་དག་བཀླག་པས་ཀྱང་བོད་ཀྱི་བརྡ་དག་སྙན་གསུམ་སོགས་བོད་ཀྱི་སྐད་ཡིག་དང་རིག་གནས་ཀྱི་ཆུ་ཚད་འཕེལ་བར་རམ་འདེགས་ཀྱི་ནུས་པ་ཐོན་ཐུབ་དགོས་པ་དང་གཉིས། རྒྱ་ཡིག་གཙོར་བྱས་པའི་མཐོ་འབྲིང་སྐབས་ཀྱི་རིག་ཚན་གཞན་པའི་བསླབ་དེབ་ཏུ་བཀོད་ནས་སྦྱངས་ཟིན་པའི་ནང་དོན་བསྐྱར་འགོད་མི་བྱེད་པ་དང་གསུམ། རིག་གནས་གང་ཞིག་སློབ་པའི་མ་མཐའི་དམིགས་ཡུལ་ནི་མི་གཤིས་བཟང་བོ་ཞིག་བསྐྱེད་བསྲིང་བྱེད་པ་དེ་ཡིན་པས། སློབ་མའི་རྒྱུད་ཀྱི་ཀུན་སྤྱོད་ལེགས་སྐྱོང་དང་རང་གཤིས་སྲུང་འཛིན་ལ་ཕན་ཐོགས་ལྡན་པའི་འགྱུར་རྩོམ་འགོད་པ་དང་བཞི་ནི། མཐོ་འབྲིང་བོད་ཡིག་བསླབ་དེབ་ཀྱི་འགན་ནུས་དང་སྦྲེལ་ནས་དེའི་ཁྲོད་ཀྱི་འགྱུར་རྩོམ་གྱི་གདམ་ག་དང་འགན་འཁྲི་གླེང་བ་ཙམ་མོ། གང་ལྟར། མཐོ་འབྲིང་གི་བོད་སྐད་ཡིག་བསླབ་དེབ་ཁྲོད་ཀྱི་འགྱུར་རྩོམ་གྱིས་ཐོག་མཐའ་བར་གསུམ་དུ་ཞབས་འདེགས་ཞུ་ཡུལ་ནི་དམིགས་བསལ་གྱི་ཀློག་པ་པོ་སྟེ་མཐོ་འབྲིང་གི་སློབ་མ་ཡིན་པ་དེ་བསྒྱུར་པ་པོ་དང་སྒྲིག་པ་པོས་བློ་ལ་བརྟན་པོར་ངེས་དགོས་སོ།།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2019-07-05 པད་མ་ཚེ་འཚོ། 【ལྷོ་ནུབ་མི་རིགས་སློབ་ཆེན།2017ལོའི་རྒྱ་བོད་འཛིན་གྲྭ།】 6 6 四川民族教育报 c83946.html 1 འགྱུར་རྩོམ་གྱིས་སློབ་གསོ་ལ་ཐེབས་པའི་ཤུགས་རྐྱེན། /enpproperty-->