数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第11版:教 研

དེང་གི་རྒྱ་བོད་ལོ་ཙཱའི་གནད་དོན་སྐོར་ལ་དཔྱད་པ།

ཚེ་རིང་སྒྲོལ་མ།【ལྷོ་ནུབ་མི་རིགས་སློབ་ཆེན།(CX2019SPDS)】

ནང་དོན་གནད་བསྡུས།

འདིར་གནའ་ནས་ད་བར་གྱི་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་སྟེང་དུ།སྐད་དང་ཡི་གེ་མི་གཅིག་པའི་མི་རིགས་མི་འདྲ་བ་བྱུང་བའི་འཕེལ་འགྲོས་དང་བསྟུན་ནས་ལོ་ཙཱའི་བྱ་བ་འདིའང་དབང་མེད་ཀྱིས་བྱུང་ལ།དུས་རབས་ཀྱི་འཕེལ་ཕྱོགས་ཀྱིས་ལོ་ཙཱའི་བྱ་བ་ལ་ཡང་ཚད་གཞི་མི་འདྲ་བ་ཐོན་པ་བརྗོད་ཡོད།

བརྡ་ཆད་གཙོ་བོ། རྒྱ་བོད་ལོ་ཙཱ། བསྒྱུར་ཐབས། ཆེད་ལས་གཞུང་ལུགས།

གླེང་གཞི།

ལོ་ཙཱ་ཞེས་པ་ནི་སྐད་དང་ཡིག་རིགས་མི་འདྲ་བ་ཕན་ཚུན་སྒྱུར་བའམ་མི་རིགས་ཤིག་གི་ཡི་གེའི་བསྟན་དོན་མི་རིགས་གཞན་ཞིག་གི་ཡི་གེའི་རྣམ་པར་ཕབ་པ་ལ་ཟེར།འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་སུ།ལོ་ཙཱ་བ་ཞིག་ལ་མཚོན་ན་སྤྱིར་ཤེས་བྱའི་གནས་ལ་ཐོས་རྒྱ་དང་ལྟ་རྒྱ་ཆེ་ཞིང་རིག་སྟོབས་ཀྱི་འཇུག་སྒོ་ཡངས་དགོས་པ་དང་།བྱེ་བྲག་ཏུ་ཡིག་བསྒྱུར་རྣམ་གཞག་དང་སྐད་ཡིག་རིག་པའི་ཤེས་རྒྱ་ཆེ་དགོས།ལྷག་པར་དུ་བསྒྱུར་བྱ་དང་སྒྱུར་བྱེད་ཀྱི་སྐད་ཡིག་ལ་བྱང་ཆུབ་ཅིང་།རང་གཞན་ཀུན་ལ་ཕན་པར་འདོད་པའི་ལྷག་བསམ་དཀར་པོས་རང་རྒྱུད་ཀྱི་ང་རྒྱལ་ཁེ་འདོད་དང་ལོག་པར་སྨྲ་བ་རྣམས་འདུལ་ཞིང་ཚར་གཅོད་པའི་ནུས་མཐུ་དང་ལྡན་དགོས།དེ་བཞིན་དུ་མ་ཡིག་གི་ཚིག་དོན་གཏིང་ཟབ་ས་ནས་རྟོགས་ཐུབ་པའི་བློ་གྲོས་ཀྱི་མཐུ་དང་།འགྱུར་མའི་ཚིག་དོན་གྱི་ཉམས་འདོན་ཚུལ་ལ་སྒྱུ་རྩལ་རིག་པའི་འཕྲུལ་གྱིས་མ་ཡིག་གི་དོན་དང་ཉམས་བཅས་གློག་བརྙན་བཞིན་དུ་མངོན་སུམ་དུ་མཚོན་ཞིང་གསོན་ཉམས་ལྡན་པར་བསྒྱུར་ཐུབ་པའི་ནུས་རྩལ་བཅས་ཡོད་དགོས།དེ་ལྟ་བུའི་བློ་གྲོས་ཀྱི་མཐུ་དང་རིག་པའི་རྩལ་འཛོམས་པ་ལ་རིག་གནས་ཐད་ཀྱི་ཤེས་ཡོན་ཕུན་སུམ་ཚོགས་པོ་ལྡན་དགོས།ལྷག་པར་དུ་བསྒྱུར་བྱ་རྩོམ་ཡིག་ནང་མཚོན་པའི་འཚོ་བ་དེ་ལོ་ཙཱ་བ་རང་ཉིད་བརྒྱུད་མྱོང་བའི་འཚོ་བའི་ཁྲོད་ནས་འཚོལ་ཞིབ་ཀྱིས་མྱོང་ཚོར་ཡོད་པ་ཞིག་བྱེད་དགོས་པ་ནི་ཧ་ཅང་གལ་ཆེ།

དང་པོ། རྒྱ་བོད་ཡིག་སྒྱུར་སྐབས་ཀྱི་གནད་དོན་འགའ་གླེང་བ།

ལོ་ཙཱ་ལ་འཇུག་པའི་ཐོག་མར་མ་ཡིག་གི་དོན་ལ་གོ་བ་མཐིལ་ཕྱིན་པར་ལེན་དགོས་པ་དང་།མ་ཡིག་གི་དོན་གསལ་བོར་ཁོང་དུ་ཆུད་པར་བྱ་རྒྱུ་ནི་ལོ་ཙཱའི་གནད་འགག་ཡིན།གོ་བ་ཡང་དག་པ་ཞིག་ལོན་མ་ཐུབ་པར་མག་མོག་དང་རབ་རིབ་དུ་བསྒྱུར་ན།འགྱུར་ཡིག་གི་དོན་རྟོགས་དཀའ་ཞིང་།གལ་ཏེ་རགས་ཙམ་ཞིག་གོ་ནའང་ལོ་ཙཱ་བས་བསྒྱུར་བའི་བརྡ་དེ་མ་ཡིག་གི་དོན་ཇི་བཞིན་ཡིན་མི་སྲིད་པས།ལོ་ཙཱ་བས་དེ་འདྲ་མ་བསྒྱུར་བ་དང་ཁྱད་པར་ཆེར་མེད།ལོ་ཙཱའི་བྱ་བ་དེ་ལེགས་པོར་འགྲུབ་ཆེད་མ་ཡིག་གི་དོན་ལ་དཔྱད་པ་ཞིབ་ཏུ་བཏང་ནས་ཚད་ལོངས་པའི་གོ་བ་ལེན་རྒྱུ་ནི་ལོ་ཙཱ་བའི་བླང་བྱ་གལ་ཆེན་ཞིག་ཡིན།

དུས་རབས་སྔ་ཕྱི་མི་འདྲ་བའམ།དུས་སྐབས་གཅིག་ཏུ་གནས་ནའང་ས་གནས་སོ་སོའི་ཡུལ་སྲོལ་གོམས་གཤིས་དང་ཁོར་ཡུག་གི་དབང་གིས་སྐད་དང་ཡི་གེ་མི་གཅིག་པ་དང་།སྐད་དང་ཡི་གེ་གཅིག་ཀྱང་དེར་འདུས་པའི་རིག་གནས་ཀྱི་གོ་དོན་མི་གཅིག་པ་ཡོད་པས་ལོ་ཙཱ་ལ་དཀའ་ངལ་ཆེན་པོ་བཟོས་ཡོད།དེ་ནི་འཛམ་གླིང་གི་སྐད་རིགས་ཡོངས་ལ་ཡོད་པའི་གནད་དོན་ཞིག་ཡིན།

རིག་གནས་ཁོར་ཡུག་མི་གཅིག་པས་མ་ཡིག་གི་དོན་ངོ་མ་ལྟར་གོ་བ་ལེན་མི་ཐུབ་པ་དང་།ཡུལ་གྱི་ཐུན་མོང་མ་ཡིན་པའི་རིག་གནས་རྒྱབ་ལྗོངས་མི་ཉུང་བ་ཕྱིར་མངོན་ཡོད་པ་ལོ་ཙཱ་བས་མ་ཡིག་གི་ཚིག་ངོས་དང་མཐུན་པར་བསྒྱུར་བ་ལས་རིག་གནས་རྒྱབ་ལྗོངས་མི་གཅིག་པའི་རྐྱེན་གྱིས་མ་ཡིག་གི་རྩོམ་པ་པོ་ནང་བཞིན་གྱི་ནང་སྙིང་རོལ་མྱོང་བྱ་མི་ཐུབ་ལ་མ་ཡིག་དེ་རུ་བསྟན་པའི་རིག་གནས་རྒྱབ་ལྗོངས་ལ་རྒྱུས་ཡོད་པའི་ཀློག་པ་པོ་ནང་བཞིན་གོ་བ་ཡང་དག་ལེན་མི་ཐུབ།

གཉིས་པ། གནད་དོན་དེ་དག་ཐག་གཅོད་བྱེད་པའི་ཐབས་ལམ་འགའ་གླེང་བ།

སྤྱིར་ན་སྐད་རིགས་སོ་སོའི་མིང་ཚིག་ཕན་ཚུན་གཏུག་སྒྱུར་བྱས་ཆོག་མོད།འོན་ཀྱང་སྐད་རིགས་གཅིག་ལ་ཡོད་ཀྱང་སྐད་རིགས་གཞན་ཞིག་ལ་མེད་པའམ་བསྒྱུར་དཀའ་བའི་མིང་ཚིག་ཡོང་སྲིད་པས།སྒྲ་བསྒྱུར་དང་དོན་བསྒྱུར།ཐད་བསྒྱུར།སྣོན་བསྒྱུར།འཕྲི་བསྒྱུར།སྤོ་བསྒྱུར།བརྗེས་བསྒྱུར།དབྱིབས་བསྒྱུར།སྒྲ་རང་སོར་འཇོག་པ་སོགས་ཀྱི་སྒྱུར་ཐབས་ཅི་རིགས་སྤྱད་ནས་མཚོན་པར་བྱེད་དགོས།གཤམ་དུ་སྒྱུར་ཐབས་དེ་དག་འོས་འཚམ་གྱིས་བཀོལ་བ་ལས་མ་ཡིག་དོན་དང་འགྱུར་ཡིག་གི་དོན་གཉིས་མཐུན་ཞིང་འགྱུར་ཡིག་གི་དོན་ཡང་སྔར་བས་ཚད་དང་ལྡན་པ་ཡོང་ཐུབ་པས་ཀློག་པ་པོ་ཀུན་གྱིས་བསུ་བ་བྱེད་པའི་རྩོམ་ལེགས་པོ་ཞིག་ཏུ་འགྱུར་ཐུབ།

ལོ་ཙཱ་བའི་བྱ་བ་ཞིག་ལ་མཚོན་ན་སྐད་རིགས་གཉིས་ལ་བྱང་ཆུབ་པ་ཙམ་ལས་ཆེད་ལས་ཀྱི་གཞུང་ལུགས་མ་རྟོགས་པ་ནི་བྱིའུ་གཤོག་པ་ཡ་གཅིག་ཅན་ནང་བཞིན་འཕུར་བའི་རྩལ་དང་བྲལ། ངེས་པར་དུ་ཆེད་ལས་ཤེས་བྱ་རྟོགས་དགོས་པ་གལ་ཆེ། སྲིད་འབྱོར་རིག་གསུམ་འཕེལ་བའི་དེང་གི་དུས་འདིར་བོད་སྐད་དུ་དཀོན་པའི་བརྡ་ཆད་གསར་པ་མང་པོ་བྱུང་དང་འབྱུང་བཞིན་ཡོད་ཅིང་།ལྷག་པར་དེ་དག་སོ་སོར་ཐུན་མོང་མ་ཡིན་པའི་ཆེད་ལས་ཀྱི་བསྟན་དོན་ངེས་ཅན་ལྡན་པས།ཆེད་ལས་ཀྱི་ཤེས་བྱ་འཛོམས་པོ་ཞིག་མེད་ཚེ་ལོ་ཙཱའི་བྱ་བ་བསྒྲུབ་རྒྱུར་དཀའ་ཚེགས་ཧ་ཅང་ཆེན་པོ་འཕྲད་པར་ཐེ་ཚོམ་མེད།

རྒྱ་བོད་ཡིག་སྒྱུར་སྐབས་སུ་བྱུང་བའི་གནད་དོན་དག་གི་འབྱུང་རྐྱེན་ཕུགས་དེད་ན།མང་པོ་ཞིག་ཆེད་ལས་ཤེས་བྱ་ལ་མ་བྱང་བས་མ་ཡིག་ནང་ཡོད་པའི་ཆེད་ལས་རང་བཞིན་གྱི་ཚིག་དོན་སྐོར་ལ་གོ་བ་ལོག་པར་བླངས་པ་དང་།ཡང་ན་ཆེད་ལས་ཤེས་བྱའི་རིགས་རྣམས་བསྒྱུར་བ་གནད་དུ་མི་ཁེལ་བ་སོགས་ཀྱི་ནོར་འཁྲུལ་འབྱུང་བཞིན་ཡོད།

མཇུག་བསྡུ་བའི་གཏམ།

ལོ་ཙཱའི་བྱ་བ་ནི་རྒྱལ་ཁབ་དང་མི་རིགས་མི་གཅིག་པ་དག་གི་ཕན་ཚུན་བར་སྲིད་འབྱོར་རིག་གསུམ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དག་ནང་འདྲེན་བྱེད་པའི་ཐབས་ལམ་གལ་ཆེན་ཡིན་པས།རྒྱལ་ཁབ་དང་མི་རིགས་སོ་སོའི་སྲིད་འབྱོར་གང་སྤྱིའི་ཐད་ཀྱི་འཕེལ་རྒྱས་དང་ཡང་བྲལ་དུ་མེད་པ་ཞིག་ཡིན་ལ།མི་རིགས་ཀྱི་རིག་གནས་གོང་སྤེལ་ལའང་ནུས་པ་ཆེན་པོ་ཐོན་ཐུབ།

དེས་ན་ལོ་ཙཱའི་བྱ་བ་ཚད་ལྡན་ཞིག་ཡོང་བ་ནི་གནད་འགག་ཡིན་པས།ལོ་ཙཱའི་བྱ་བའི་ཁྲོད་དུ་བྱུང་བའི་གནད་དོན་དག་ལ་དོགས་ཟོན་དང་སྒྱུར་བཀོད་གང་ལེགས་བཏང་སྟེ།གང་ནུས་ཅི་ལྕོགས་ཀྱིས་ལོ་ཙཱ་བའི་རང་ངོས་ཀྱི་རྒྱུ་རྐྱེན་དང་ཕྱི་རོལ་ཡུལ་གྱི་རྒྱུ་རྐྱེན་སོགས་ཕྱོགས་ཡོངས་ཀྱི་མ་ཤེས་པའི་གནས་ལ་སྦྱོང་བ་དང་མི་འདང་བ་དག་ལ་ཁ་གསབ་བཅས་འཐུས་ཚང་དུ་བཏང་ན།ད་བཟོད་ལོ་ཙཱའི་བྱ་གཞག་ཕུན་སུམ་ཚོགས་ཞིག་ཡོང་ཐུབ་བོ།།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2019-07-05 ཚེ་རིང་སྒྲོལ་མ།【ལྷོ་ནུབ་མི་རིགས་སློབ་ཆེན།(CX2019SPDS)】 6 6 四川民族教育报 c83947.html 1 དེང་གི་རྒྱ་བོད་ལོ་ཙཱའི་གནད་དོན་སྐོར་ལ་དཔྱད་པ། /enpproperty-->