数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第03版:

ཀྲུའུ་ཡོན་ཀྲང་གིས་སློབ་དཔོན་ལ་དགོངས་པ་ཞུས་པ།

♦རྡོ་རྗེ་སྒྲོལ་མས་བསྒྱུར།【མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ།】

མིང་རྒྱལ་རབས་ཀྱི་གོང་མ་ཀྲུའུ་ཡོན་ཀྲང་ནི་འབྱོར་འཁོས་ཞན་པའི་ཁྱིམ་དུ་སྐྱེས་ཤིང་། གོང་མའི་ཁྲི་ལ་བཞུགས་པ་ནས་བཟུང་རྒྱལ་ཁབ་ཀྱི་བྱ་གཞག་ཐམས་ཅད་ལ་སེམས་ཁུར་བྱེད་པར་མ་ཟད། དཔོན་ཆས་བསྒྱུར་ནས་ཕྱོགས་སོ་སོར་བཅར་འདྲིར་འགྲོ།

ཉིན་ཞིག་ཀྲུའུ་ཡོན་ཀྲང་བཅར་འདྲིའི་ཞོར་དུ་རྡོ་བོ་དགོན་དུ་མཆོད་མཇལ་དུ་ཕྱིན་པ་ན། མཆོད་ཁང་དུ་སྤོས་ངད་ལྡང་ཞིང་། རྔ་ཆེན་མཉམ་དཀྲོལ་བྱེད་པ་མཐོང་བས་གློ་རྡེག་ཏུ་སེམས་པ་སྤྲོ་སིང་ངེར་གྱུར་ལ། སྒོས་སུ་རྡོ་བོ་དགོན་གྱི་མཚན་གྱི་འདོགས་ལུགས་ལ་སྤྲོ་བ་བྲོད་པར་གྱུར་ནས། དབང་མེད་དུ“དགོན་དེ་རྡོ་བོ། རིན་ཆེན་ནོར་བུའི་འབྱུང་གནས”ཞེས་གསུངས། དེ་མ་གཞི་ནས་ཀྲུའུ་ཡོན་ཀྲང་སྤྲོ་བ་བྲོད་པར་གྱུར་ནས་དབང་མེད་དུ་ཤོར་བའི་ཚིག་ཡིན་མོད། གམ་ནས་ཚི་དྲེག་གི་ལྭ་བ་རྙིང་ཧྲུལ་གྱོན་པའི་ཤེས་ཡོན་པ་རྒན་པ་ཞིག་གིས་ཡིན་མདོག་མདོག་གིས་མགོ་འཕང་མཐོན་པོར་བཤད་རྒྱུར།“མིང་གི་རྒྱལ་ཁབ་ཆེན་པོའི་གོང་མའི་མིག་རྒྱང་རིང་ངོ་།། ” ཀྲུའུ་ཡོན་ཀྲང་གིས་གོ་མ་ཐག་དགའ་སྤྲོའི་ཡོ་ལང་རབ་ཏུ་རྒྱས་ནས་ལུས་ཧྲིལ་བོར་ལྷོད་གཡེང་དུ་གྱུར། ཁོས་ཤེས་ལྡན་པ་རྒན་པ་དེ་རིག་པ་གྲིམ་པས་བསྟོད་ར་ཆེན་པོ་བྱས་པ་མ་ཟད་རང་ཉིད་དམངས་ལ་བདེ་སྐྱིད་བསྐྲུན་པའི་སངས་རྒྱས་ཚབ་ཏུ་བཞག་པ་ལའང་དགའ་སྤྲོ་ཆེན་པོ་ལངས། འོན་ཀྱང་ཀྲུའུ་ཡོན་ཀྲང་གིས་ཐོབ་ཐང་ཕྱིར་མ་མངོན་པར་འཇམ་ཅག་གེར་ཤེས་ལྡན་རྒན་པའི་གདོང་ལ་བལྟས། ཤེས་ལྡན་པས་ཀྱང་བློ་མཐུན་གྱི་གྲོགས་པོ་ཞིག་ལ་འཕྲད་པ་དང་འདྲ་བར་མངོན་ཆུང་གི་སྒོ་ནས་ཁོ་ལ་བལྟས་ནས་བགད།

ཀྲུའུ་ཡོན་ཀྲང་རྡོ་བོ་དགོན་ལ་མཇལ་ཚར་རྗེས་ཕོ་བ་ཅུང་ཟད་ལྟོགས་པ་ཚོར་ནས་རི་འདབས་སུ་ཆང་ཁང་ཞིག་ཡོད་པ་མིག་གི་མཐོང་ལམ་དུ་བྱོན་པས་ཟས་ཟ་འདོད་ཀྱི་འདུན་པ་དྲག་ཏུ་སྐྱེས། ཀྲུའུ་ཡོན་ཀྲང་གོང་མར་གྱུར་རྗེས་བཟའ་བཏུང་གི་ཐད་ལ་དོ་སྣང་བྱེད་པ་སྨོས་ཅི་དགོས། འོན་ཀྱང་ཁོས་མིག་ཉུལ་ཙམ་བྱས་པ་ན་ཆང་ཁང་དུ་བཟའ་བཏུང་ཞིམ་པོ་ཞིག་ལར་ནས་མེད་པས། རང་དབང་མེད་པར་སེམས་ཞུམ་ཅིང་རེ་ཐག་ཆད་ནས་མགོ་བོ་གཡུག་ཙམ་བྱས་ཏེ“ཆང་ཁང་ཆུང་བས་འདོད་པའི་ནོར་གྱིས་དབུལ”ཞེས་གྱེར་བ་ན། ཡང་ཤེས་ལྡན་རྒན་པ་དེ་ཅི་མི་སྙམ་པར་མགོ་བོ་གཡུག་ཙམ་བྱས་ནས་འདི་ལྟར་གྱེར“མིང་གི་རྒྱལ་པོའི་དབང་བསྒྱུར་དུས་ན་ལྷོ་བྱང་མི་དགར” ཞེས་པ་འདི་ཐོས་མ་ཐག་ཀྲུའུ་ཡོན་ཀྲང་གི་སེམས་ཀྱི་རབ་ཁར་དུག་གི་མཆུ་མ་གཏོར་བ་དང་འདྲ་བར་སེམས་པ་དེ་ཙམ་སྐྱིད་པོ་མ་བྱུང་། ཤེས་ལྡན་པ་རྒན་པ་ཁ་བྲལ་མ་ཐག་ཀྲུའུ་ཡོན་ཀྲང་གིས་གམ་གྱི་མི་དག་ལ་བཀའ་བབས་ཏེ“བདག་མྱུར་མོར་རྒྱལ་སར་ཕེབས་འགྲོ། ཁྱོད་ཚོས་ཤེས་ལྡན་པ་རྒན་པ་དེ་ཕོ་བྲང་ནང་དུ་གདན་འདྲེན་བྱོས ”ཟེར། ཀྲུའུ་ཡོན་ཀྲང་གིས་ཤེས་ལྡན་པ་རྒན་པ་དེ་ཅིའི་ཕྱིར་ཕོ་བྲང་དུ་གདན་འདྲེན་ཞུས་པ་ཡིན་ཟེར་ན། སྔོན་ཆད་ཀྲུའུ་ཡོན་ཀྲང་གི་ཁྱིམ་གྱི་འཁོས་ཀ་ཞན་ལ་དཔེ་ཀློག་བྱེད་པའི་རྩོལ་བ་གཏན་ནས་མེད། མིང་རྒྱལ་རབས་བཙུགས་རྗེས་རྒྱལ་ཁབ་ཀྱི་བྱ་གཞག་ཐམས་ཅད་ལ་རིག་གནས་མངའ་བའི་འཇོན་ཐང་ཅན་མཁོ་བ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད་པས། ཤེས་ལྡན་དགེ་རྒན་ཞིག་གདན་དྲངས་ཏེ་རང་གི་བུ་ཕྲུག་ལ་རིག་གནས་ཡག་པོ་སྦྱངས་པར་འཇུག་འདོད་པ་ནི་སྨོས་མ་དགོས། འོན་ཏེ་རྒྱལ་སྲས་ནི་སྤྱིར་བཏང་གི་བྱིས་པ་དང་མི་འདྲ་བར་མ་རབ་པྲ་ཆལ་གྱི་ལས་ལ་གཞོལ་བས་སྔ་རྗེས་སུ་སློབ་དཔོན་མང་པོ་བརྗེས་མྱོང་། དེ་བས་ཀྲུའུ་ཡོན་ཀྲང་གིས་ཟབ་གསལ་མྱུར་གསུམ་གྱི་ཤེས་རབ་མངའ་བའི་ཤེས་ལྡན་པ་རྒན་པ་དེ་གདན་འདྲེན་འདོད་སྐྱེས།

འོན་ཀྱང་ཤེས་ལྡན་རྒན་པ་དེ་རིག་པ་གསལ་བར་མ་ཟད་མི་གུག་ཏོ་ཅན་ཞིག་ཡིན་ཏེ། ཀྲུའུ་ཡོན་ཀྲང་གིས་ཁོ་རང་ཕོ་བྲང་དུ་གདན་དྲངས་ཏེ་དཔེ་ཁྲིད་བྱེད་པའི་བཀའ་བསྒོས་ནའང་ཁོ་རང་དགའ་བ་མ་བྱུང་སྟེ། མ་ཟད་ཁོ་རང་རྒྱལ་སྲས་ཀྱི་ཐའེ་ཧྥུ་ལ་བསྐོས་ན་ཡང་སྣང་འཇོག་མེད་པར་གྱུར།

ཉིན་དང་པོར་ཤེས་ལྡན་པ་རྒན་པས་རྒྱལ་སྲས་ལ་ཐོག་མར་རྩོམ་ཡིག་འབྲི་བའི་ཐད་ཀྱི་དཔེ་ཁྲིད་བྱས། དེ་ནས་རྒྱལ་སྲས་ལ་རྩོམ་ཡིག་བློར་འཛིན་བྱེད་དུ་བཅུག ཁོ་རང་ཉིད་རྐུབ་སྟེགས་སུ་བསྡད་དེ་མིག་གཉིས་བཙུམ་ནས་མགོ་གཡུག་གཡུག་བྱས་ཏེ་སྙན་ངག་གྱེར་ཡོང་། ཅུང་ཙམ་འགོར་རྗེས་རྒྱལ་སྲས་གམ་གྱི་སློབ་གྲོགས་ཀྱིས་བཞད་གད་སློང་བའི་རྣམ་འགྱུར་བསྟན་པ་དང་མཉམ་དུ་ཀློག་རྒྱུར“རྒན་གྱིས་སློབ་མར་ཁྲིད་ན་མགོ་བོ་འགུལ།།སློབ་མས་སློབ་དཔོན་མཐོང་ཚེ་མགོ་བོ་གཟེར།།” དེ་མ་ཐག་ཤེས་ལྡན་པ་རྒན་པས་ཐིག་ཤིང་གི་ཅོག་ཙེ་སྟེང་དུ་རྡེག་ཞོར་ཁ་ནས“ཅི་ཞིག་ཀློག་བཞིན་ཡོད”ཅེས་བཤད་པ་ན། རྒྱལ་སྲས་ཀྱིས“རྩོམ་ཡིག་ཀློག་བཞིན་ཡོད”ཅེས་ལབ། ཤེས་ལྡན་པ་རྒན་པས་ད་དུང་མིག་ཕྱེ་མེད། སློབ་མ་ཞིག་རྐང་འཇབ་ལག་འཇབ་ཀྱིས་ཤེས་ལྡན་པའི་འགྲམ་དུ་སླེབས་ནས་ལག་པ་བསྲིངས་ཏེ་རྣ་བར་འཇུས་གྲབས་བྱེད། སློབ་མ་འདི་དག་རྒྱལ་སྲས་ཀྱི་འགེབ་སྲུང་འོག་ནམ་རྒྱུན་བག་མེད་བྱེད་པར་གོམས་ཡོད་པས་སྔོན་ཆད་གདན་འདྲེན་བྱས་པའི་སློབ་དཔོན་རྒན་པ་ཐམས་ཅད་འུ་ཐུག་ཐབས་ཟད་དུ་གྱུར་ནས་ཁ་རོག་གེར་བྲོས་སོང་། འདི་ལྟར་ཁོ་ཚོ་ལྷག་ཏུ་སྤོབས་པ་ཇེ་ཆེར་གྱུར། འོན་ཀྱང་ཤེས་ལྡན་པ་རྒན་པ་འདི་གཞན་དང་མི་འདྲ་བ་སུ་ཡིས་ཤེས། སློབ་མའི་ལག་པ་བསྲིངས་མ་ཐག་ཤེས་ལྡན་པ་རྒན་པས་ཚོར་ནས་དེ་མ་ཐག་སློབ་མའི་ལག་པ་བཟུང་ནས་གཅུས་པས། ན་ཟུག་མ་ཐེག་པར་ཁ་གཉེར་སྣ་གཉེར་བྱེད་པ་རྒྱལ་སྲས་ཀྱིས་མཐོང་རྗེས་མྱུར་མོར་རྒྱུག་ནས་རྒན་པོའི་གམ་དུ་སོང་སྟེ་རྒྱག་གྲབས་བྱེད་སྐབས་ཤེས་ལྡན་པ་རྒན་པོས་གང་མྱུར་གྱིས་ལག་པ་ཡ་གཅིག་བསྲིངས་ཏེ་རྒྱལ་སྲས་ཀྱི་ཕྱག་ནས་བཟུང་རྗེས་སྐད་གསེང་མཐོན་པས“སྤོབས་པ་ཆེ་བ་ལ ”ཟེར།

ཤེས་ལྡན་པ་རྒན་པའི་རྒྱལ་སྲས་ཀྱིས་ལག་པ་གཅུས་ནས“ པུས་ཚུགས ”ཞེས་ཁ་རྡུང་བཏང་བ་ན། སློབ་གྲོགས་སྐྲག་པ་དང་མཉམ་དུ་པུས་མོའི་སླ་ང་ལྗིད་ཏིག་གེར་ས་ལ་བཙུགས། འོན་ཀྱང་རྒྱལ་སྲས་ཀྱིས་ད་དུང་ཨུ་ཚུགས་ཀྱིས་ལུས་པོ་འགུལ་ཙམ་ཡང་མི་བྱེད། ཏག་ཏག་ཀྲུའུ་ཡོན་ཀྲང་ཕོ་བྲང་ནས་ཕེབས་བཞིན་པའི་སྐབས་དང་འཁེལ་བར་རང་གི་བུ་ཕྲུག་གི་ལག་པ་སློབ་དཔོན་གྱི་གཅུས་ནས་བསྡད་ཡོད་ལ་དཔྲལ་བར་རྔུལ་ཆུ་བཞུར་བ། ངོ་གདོང་སྨུག་པོ་གྱུར་པ་མཐོང་ནས་བུ་ཕྲུག་གི་ཚབ་ཏུ“སློབ་དཔོན་ལགས། ཁོ་རང་གུ་ཡངས་གཏང་རོགས”ཞེས་དགོངས་ཞུ་བྱས་པ་ན། ཤེས་ལྡན་པ་རྒན་པའི་མགོ་བོ་ཌ་རུ་གཡུག་པ་དང་འདྲ་བར་གཏན་ནས་མི་ལྷོད། སྐད་གསེང་མཐོན་པོས་“གོང་མ་ལགས། ཆོག་ནི་མ་རེད། གནའ་མིའི་ཁ་དཔེ་ལ་གསོ་སྐྱོང་ལེགས་པོ་མི་བྱེད་ཕ་ཡི་སྐྱོན་དང་། སློབ་གསོ་ནན་མོ་མི་བྱེད་རྒན་གྱི་རྨོངས”ཞེས་བཤད་པ་དང་། ཤེས་ལྡན་པ་རྒན་པ་ཧ་ཅང་གུག་ཏོ་ཡིན་པས། གོ་འཕང་བླ་ན་མཐོ་བའི་ཀྲུའུ་ཡོན་ཀྲང་ཡང་ཐུགས་ཁྲོས་སུ་བཅུག ཀྲུའུ་ཡོན་ཀྲང་གིས་སྐད་གསེང་མཐོན་པོས“ཁྱོད་ཀྱིས་ལག་པ་གཏོང་ངམ་མི་གཏོང”ཟེར། ཤེས་ལྡན་པ་རྒན་པའི་མགྲིན་པ་གཟེངས་སུ་བཏེགས་ནས“མི་གཏང་།”ཞེས་བཤད། ཀྲུའུ་ཡོན་ཀྲང་གོང་མའི་ཁྲི་ལ་བཞུགས་ནས་འདི་ལྟའི་ཕོག་ཐུག་བཏང་མ་མྱོང་པས། ཁ་སྤོ་ཁ་ནས་ལངས་ཞེ་སྤོ་གཏིང་ནས་ལངས་ཏེ་གདོང་ཡང་དམར་པོ་གྱུར་ཏེ་སྐད་མཐོན་པས“མི་ཡོང་ནས། ཤེས་ལྡན་པ་འདི་ཁྲི་མུན་བཙོན་ལ་ཆུགས”ཞེས་བསྒྲགས། ཀྲུའུ་ཡོན་ཀྲང་གིས་བཤད་མ་ཐག་སྐུ་སྲུང་དམག་མང་པོ་ཐོན་ནས་ཤེས་ལྡན་པ་རྒན་པ་དེ་བཟུང་། ཀྲུའུ་ཡོན་ཀྲང་གིས་ཤེས་ལྡན་པ་རྒན་པ་དེ་བཙོན་འཇུག་བྱེད་དུ་བཅུག་པར་མ་ཟད་ཕྱིར་ཕོ་བྲང་དུ་སླེབས་རྗེས་ཀྱང་ཁོང་ཁྲོའི་ངང་གཤེ་གཤེ་བཏང་ནས་མཚམས་མི་འཇོག་པར་ཤེས་ལྡན་པ་རྒན་པ་དེ་སྙིང་སྤོབས་ཆེ་ཨང་ཞེས་སྡིགས་མོ་བྱས། རྒྱལ་ཡུམ་མ་ལགས་ནི་གཤིས་བཟང་རྒྱུད་འཇམ་ཅན་ཞིག་ཡིན་པས། མོའི་ཀྲུའུ་ཡོན་ཀྲང་ཁོང་ཁྲོ་ལངས་པའི་ཚུགས་ཀ་དེ་མཐོང་རྗེས་སེམས་ལ།ད་མ་བཟང་།ཤེས་ལྡན་པ་རྒན་པས་གོང་མའི་ཐུགས་ཁྲོས་སུ་བཅུག་པས་སྲོག་གཅོད་པ་ཁོ་ཐག་ཡིན་འདོད།

མཆན། དབྱང་ཡུས་དང་ཐང་སུའུ་ལན་གཉིས་ཀྱི་གཙོ་སྒྲིག་བྱས་པའི་《ཀྲུང་གོའི་དམངས་ཁྲོད་གཏམ་རྒྱུད》ལས་བདམས་ནས་བསྒྱུར།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2021-04-20 ♦རྡོ་རྗེ་སྒྲོལ་མས་བསྒྱུར།【མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ།】 4 4 阿坝日报藏文 c141895.html 1 ཀྲུའུ་ཡོན་ཀྲང་གིས་སློབ་དཔོན་ལ་དགོངས་པ་ཞུས་པ། /enpproperty-->