数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第03版:

མཛའ་གཞས་མེ་ ཏོག་གཡུ་ཆུང་།

♦སྦྲང་བུ། 【དཀར་མཛེས།】

མ་ཆགས་པདྨའི་ཚལ་ལ་གཞས་ཤིག་ལེན།།

ནང་སེམས་གཅིག་ཏུ་འདྲེས་པའི་གཞས་ཤིག་ལེན།།

གཡུ་ཆུང་རི་བོའི་ངོས་སུ་གཞས་ཤིག་ལེན།།

དབྱངས་ཀྱི་ལྷ་མོ་རྣམས་ལ་གཞས་ཤིག་ལེན།།

དབྱངས་ཅན་ཡིད་འདི་དགྱེས་པའི་གཞས་འདི་བྲིས།།

རྣམ་རྟོག་ཟབ་མོའི་ངག་ལས་བླངས་པ་ན།།

ཚོར་འདུ་ངག་གི་འགྱུར་ཁུགས་ལྷ་ལ་བསྟོད།།

འདབ་མ་རླུང་བུས་གཡོ་བའི་སྐྱེད་མོས་ཚལ།།

སྤྲོས་པའི་མེ་ཏོག་ཚོགས་སུ་ཐུགས་དགྱེས་ཏེ།།

ཟེའུ་འབྲུ་ཟིལ་བ་ཐོགས་པའི་འདབ་མའི་གན།།

ལོ་བརྒྱ་སེམས་ཀྱིས་བསྐྲུན་པའི་སྐད་ཆ་འདུག།

སྣང་བའི་ལྷ་མོ་དེ་ཡང་ཟློས་གར་ཅན།།

ཡིད་ལ་སིམ་པ་མང་བས་དོན་གྱིས་ན།།

ངག་གི་རབ་བྱེད་ངོས་སུ་རི་དྭགས་ཀྱང་།།

རྣམ་རྟོག་ཆུ་བོ་བརྒལ་གྱིན་ཕ་རོལ་ཕྱིན།།

རིག་བྱེད་ངག་གི་ཚད་མས་དོན་རྟོགས་ཤིང་།།

ངག་གི་སྨྲེང་བའི་གཞས་ལ་ཡིད་འཕོས་ཏེ།།

གཡུ་ཆུང་སེམས་པའི་གན་ལ་ཉི་མ་ཤར།།

ངག་འདིའི་དམ་ཚིག་ངོས་ཀྱི་ཀུ་མུད་ཅན།།

སྐད་ཅིག་སྣང་བའི་ཡུལ་ལ་མ་སོང་ཞིང་།།

བདག་ཉིད་སེམས་པའི་ཡུལ་ལ་ལོག་ཕེབས་ཀྱིས།།

དྲན་གདུང་ལྷ་མོ་ཞིག་གི་སྐད་ཆ་ལུས།།

ཐ་སྙད་ལུས་ཟུངས་ཟད་པའི་ཡི་གེའི་ཚལ།།

ཁྱོད་ཉིད་ལྕམ་མོ་ཞིག་གི་དོན་མཐོང་བས།།

ཡིད་ཀྱི་ཁམས་ན་ཁྱོད་ཉིད་སྣང་བ་ཅན།།

བདག་ཉིད་སྐབས་རེར་འཛུམ་པའི་གཡུ་ཆུང་གན།།

བརྩེ་བའི་ངག་ཏུ་འཐིམས་ཤིང་ཁྱོད་བོས་ཏེ།།

ཆུ་སྟོད་ཟླ་བའི་ངག་ཕྲེང་བདག་ལ་གནང་།།

ཡིད་ཀྱི་འཕྲུལ་བ་ཅན་གྱི་ཕར་ངོགས་སུ།།

བར་སྐོར་གླིང་གཞས་བཏང་བའི་གཞོན་ནུ་མ།།

ཁྱོད་ཉིད་དོ་ཟླ་མི་འདུག་གཡུ་ཆུང་ལགས།།

སེམས་ཉིད་ཟླ་བའི་གན་ལ་འཕོས་སོང་བས།།

འཛུམ་ཆུང་མེ་ཏོག་བཟུང་བའི་ཁྱོད་རང་སྟེ།།

ཡིད་ཀྱི་ཉེ་རིང་ཞིག་ལ་ཟློས་གར་འཁྲབ།།

སྙན་ངག་ཟིལ་བ་ཆགས་པའི་དུས་འདི་ལ།།

ག་ལེར་མེ་ཏོག་བཞད་སའི་ཡིད་ཀྱི་ཁམས།།

གཡུ་ཆུང་རྡོ་བའི་སྟེང་དུ་སྐད་ཆ་འཁྲུངས།།

ལྷ་མོ་ཚིག་ཏུ་ཞུགས་པ་ཨེ་ཡིན་ནམ།།

རྣམ་ཤེས་ཕྲ་མོའི་དཀྱིལ་གྱི་མུ་ཏིག་ལ།།

དར་མདོའི་མཛའ་གཞས་བླངས་པའི་གཞས་པར་སྤྲུལ།།

དྲན་གདུང་སྣང་བའི་ཁམས་ལ་མང་ཙམ་ལེན།།

གླུ་གཞས་རྒྱུད་སྐུད་མཐུད་པ་ཁྱོད་ཡིན་ཏེ།།

མ་ཆགས་ཉག་གའི་ཡུལ་གྱི་མཆོག་ལྡན་མ།།

གཟུགས་འགྱུར་ལྷ་མོ་སྐོར་ཅིག་སྤྲུལ་བ་ཨང་།།

མཆོད་པའི་ལྷ་མོ་དེ་ཡང་སྤྲུལ་བ་ཨང་།།

ལྡེབས་རིས་མེ་ཏོག་ཚལ་གྱི་ལྷ་མོ་ཚོགས།།

ཟློས་གར་མེ་ཏོག་ཅན་དེ་ཁྱོད་ལ་བསྩལ།།

དྲན་པ་དགུ་རུ་འཁྱིལ་བའི་མཚོ་མོའི་མཐར།།

མཛའ་གཞས་མེ་ཏོག་སྐོར་ཅིག་ས་རུ་སྦས།།

གཏམ་གྱི་སྐྱེད་མོས་ཚལ་ཞེས་བཏགས་ན་ཆོག།

གཏམ་གྱི་མདུད་པ་དེ་ཡང་གཅིག་ཏུ་བསྒྲོགས།།

ས་འདིའི་མིང་ལ་གཡུ་ཆུང་ཐང་ཞེས་ཐོགས།།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2021-04-20 ♦སྦྲང་བུ། 【དཀར་མཛེས།】 4 4 阿坝日报藏文 c141896.html 1 མཛའ་གཞས་མེ་ ཏོག་གཡུ་ཆུང་། /enpproperty-->