数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第03版:阿坝日报

སློབ་མ་རྣམས་ལ་ཕུལ་བའི་བཀྲ་ཤིས་ཁ་བཏགས།

♦རྐང་ལམ་དཀར་པོ། 【བོད་ལྗོངས】

དཀར་གཙང་དཔེ་དེབ་སྨྱུ་གུ་གྲོགས་སུ་འཐམ།།

དབྱངས་གསལ་སོ་བཞིའི་དབྱངས་རྟ་ངག་ནས་གྱེར།།

ཤེས་རིག་བདུད་རྩིར་རོལ་བའི་སློབ་མའི་ཚོགས།།

སྦྱངས་འབྲས་བཟང་བོ་སྨིན་པའི་ཁ་གཡང་འབོད།།

ཤེས་རིག་ནོར་བུས་ཕྱུག་པའི་སློབ་གླིང་དེར།།

ཤེས་བརྩོན་ཅང་ཤེས་རྟ་མཆོག་ལ་ཞོན་ཏེ།།

ཤེས་བྱའི་ཕུགས་འདུན་འཚོལ་བའི་སློབ་མ་ཚོ།།

ཤེས་ཡོན་ནོར་གྱིས་ཕྱུག་པའི་སྨོན་འདུན་ཞུ།།

ཤེས་ལྡན་ལེགས་བཤད་སྦྲང་ཆར་ཟིམ་མའི་འོག།

ཤེས་རིག་ལང་ཚོའི་འདབ་མ་དལ་གྱིས་བཞད།།

ཤེས་རབ་རྣམ་དཔྱོད་གཤོག་ཟུང་རྒྱང་དུ་རྐྱོང་།།

ཤེས་བཟང་ནོར་བུ་ལེན་པར་ཉམས་རེ་དགའ།།

ཡོན་ཏན་ངོམས་པ་མེད་པར་མདུན་དུ་སྐྱོད།།

བརྩོན་འགྲུས་ལྷོད་པ་མེད་པའི་ཆུ་མོ་བཞུད།།

རིག་པའི་སློབ་གླིང་འགྲིམས་པའི་སློབ་མའི་ཚོགས།།

བསམ་པའི་དོན་ཀུན་འགྲུབ་པའི་བཀྲ་ཤིས་ཤོག།

རིན་བྲལ་ཤེས་རིག་མིའི་རིགས་གཅེས་ནོར་ཆེ།།

མི་ཉམས་འཛིན་སྐྱོང་སྤེལ་གསུམ་སློབ་མར་རག།

ལྷོད་མེད་ཐོས་བརྩོན་གྲུ་བོ་ལ་ཞུགས་ཏེ།།

རྒྱལ་ཁའི་འབྲས་བཟང་མུ་ནས་མུ་མཐུད་ལོན།།

བཀྲ་ཤིས་དབྱར་ཟླ་འགོ་མའི་དཔལ་ཡོན་ཀློང་།།

ཤེས་གླིང་སློབ་ལ་བཞུགས་པའི་སློབ་མའི་ཚོགས།།

ཕུགས་འདུན་ལམ་བཟང་སློབ་གླིང་ཐེམ་སྐས་སུ།།

བདེ་བླག་ངང་དུ་འཇུག་པའི་སྨོན་ཚིག་སྒྲོན།།

中共阿坝州委机关报 阿坝州新闻传媒中心出版
阿坝州新闻传媒中心版权所有 未经书面授权 不得复制或建立镜像
  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2026-06-30 ♦རྐང་ལམ་དཀར་པོ། 【བོད་ལྗོངས】 4 4 阿坝日报藏文 c226861.html 1 སློབ་མ་རྣམས་ལ་ཕུལ་བའི་བཀྲ་ཤིས་ཁ་བཏགས། /enpproperty-->