དེ་རིང་ཆར་ཆུས་བརླན་རྗེས།
རྒྱང་རིང་གི་གནམ་སའི་མཚམས་ནས་ཕ་ཡུལ་ལ་བལྟས་ཏེ།
སྤྲིན་དཀར་གྱི་འདབ་མ་ལ་འདྲིས་པའི་སེམས་པ།
ཁྱོད་ཀྱི་འཇིག་རྟེན་ན་ད་དུང་གསོན་གྱིན་ཡོད་པ་ཚོར་ན།
སྒྱུ་འཕྲུལ་གྱི་ཕོ་བྲང་ནས་དུང་སེམས་ཀྱི་རི་མོ།
ཐ་སྙད་ཀྱི་གཏམ་རྒྱུད་ལ་བསྲེས་ཏེ།
གྱང་ངོས་སུ་ཚོན་མདངས་ཕབ་ནས་ཧ་ཅང་དྲན་གྱིན་ཡོད།
ཆར་ཆུ་ཐིགས་པ་རེ་རེས།
ལ་མགོར་སྨུག་པའི་རུ་དཔུང་ཁྲིད་ཐེངས་རེར།
འཛུམ་དཀར་ལ་ཐིམས་པའི་འབྲོག་ཐང་གི་ཨ་ཅག་ཁྱོས།
ངའི་ས་གཞི། ནམ་མཁའ། འཚོ་བ་ཡོད་ཚད།
སྐད་གསུང་སྙན་མོ་རེ་རེས་བསླུས་པའང་བདེན།
དབྱར་དུས་ཀྱི་མེ་ཏོག་འདབ་མ།
དུས་ཚོད་ཀྱིས་བཀྲུས་ཏེ་འཇའ་གུར་གྱི་ལྡུམ་ར་ནས་འཛུམ་ཚེ།
ཕྱེ་ལེབ་ཀྱི་མིག་དབང་ཅིག་ཅར་འཕྲོག་རུང་།
དྲི་བསུང་ལ་སྦྲང་ཆུང་ངང་གིས་འཁོར་ཡང་།
ངའི་མིག་ལམ་དུ། མགོ་ལྕོག་ཅི་ཙམ་ལྡེམ་ཡང་།
ངས། སྒུག་སྒུག་གི་མེ་ཏོག་གམ་སེམས་པའི་རྒྱ་སེ་དེ་ལས།
གཞན་གྱི་རྩྭ་ཐང་ལ་བཞད་པའི་མེ་ཏོག་དག
ངའི་འཇིག་རྟེན་དེར་ཤོང་གིན་མི་འདུག་ཨང་།



