【ནང་དོན་གནད་བསྡུས།】 དཔྱད་རྩོམ་འདིར་མིག་སྔའི་བྱིས་པའི་སློབ་གསོའི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ། བོད་ཀྱི་སྲོལ་རྒྱུན་བྱིས་པའི་སློབ་གསོ་དང་སློབ་གསོ་སློབ་ཁྲིད་ཀྱི་ཉམས་མྱོང་དངོས་ཟུང་འབྲེལ་བྱས་ནས་བྱིས་པར་སློབ་གསོ་གཏོང་ཐབས་མི་འདྲ་བ་འགའ་ཇི་ལྟར་ལག་ལེན་བྱེད་དགོས་པའི་སྐོར་བརྗོད་ཡོད་ཅིང་། དེ་ཡང་བྱིས་པའི་སློབ་གསོ་ནི་མི་རིགས་རང་གི་སྲོལ་རྒྱུན་རྩེད་མཚར་སློབ་གསོ་དང་ཁ་འབྲལ་མི་རུང་བའི་ལྟ་ཚུལ་བཏོན་ཡོད།
【བརྡ་ཆད་གཙོ་བོ།】 བྱིས་པ།སྲོལ་རྒྱུན་སློབ་གསོ། སྲོལ་རྒྱུན་རྩེད་མཚར་སློབ་གསོ།
དེ་ཡང་བྱིས་པའི་སློབ་གསོ་ལེགས་ལམ་དུ་སྐྱོང་བ་ལ་ཁོར་ཡུག་གི་ཆ་ནས་སློབ་གྲྭའི་སློབ་གསོ་དང་། ཁྱིམ་ཚང་སློབ་གསོ། སྤྱི་ཚོགས་སློབ་གསོ་བཅས་སློབ་གསོའི་ཁོར་ཡུག་མི་འདྲ་བ་གསུམ་དང་ཁ་འབྲལ་ཐབས་མེད་པ་དང་། བྱེད་ཐབས་ཀྱི་ཆ་ནས་སྲོལ་རྒྱུན་སློབ་གསོ་དང་དེང་རབས་སློབ་གསོ་གཉིས་ཟུང་འབྲེལ་གྱི་སྒོ་ནས་སྐྱོང་དགོས་པ་ཤིན་ཏུ་གལ་གནད་ཆེ་བ་ཞིག་ཡིན། ཡང་སྲོལ་རྒྱུན་སློབ་གསོ་ཟེར་བ་ནི་རྒྱ་ཆེ་བ་གཏིང་ཟབ་པ་ཞིག་ཡིན་པས། འདིར་སྲོལ་རྒྱུན་སློབ་གསོ་ལས་དམིགས་བསལ་བྱིས་པ་རྣམས་ཀྱི་བློ་ཁ་དང་འཚམ་པའི་རྩེད་མཚར་སློབ་གསོའི་སྐོར་གྱི་ནང་དོན་གལ་ཆེན་ཁག་ཅིག་ཁོལ་ཏུ་ཕྱུང་སྟེ། དེ་དག་གི་དགོས་པ་དང་ལག་ལེན་བྱེད་ཐབས་སོགས་མདོར་ཙམ་བརྗོད་ན་གཤམ་གསལ།
དང་པོ། སྲོལ་རྒྱུན་ངག་རྩེད་སྦྱོང་བ།ངག་གི་རྩལ་སྦྱོང་བ་ནི་བྱིས་པ་ཞིག་ལ་མཚོན་ན་མེད་དུ་མི་རུང་བ་ཞིག་སྟེ། ངག་རྩལ་ལ་བརྟེན་ནས་བྱིས་པའི་ཁ་ལྕེ་ཇེ་དག་ལ་ཡོང་ངེས་ཤིང། སྨྲ་བའི་རྩལ་ཇེ་མཐོར་འགྲོ། སྔོན་ཆད་བོད་ཀྱི་བྱིས་པ་ལ་ངག་གི་རྩལ་སྦྱོང་བའི་ཐབས་མང་ཞིང་། ལྷག་པར་ཨ་མཚར་མཚར་དགུ་དང་ཨ་ཆགས་ཆགས་དགུ་སོགས་བྱིས་པའི་ངག་གི་རྩེད་མོ་དང་བསམ་གཞིག་གི་ནུས་པ་མཉམ་དུ་སྐྱེད་པའི་ཐབས་གང་མང་ཞིག་ཡོད།དེ་ནི་བོད་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་ལྷག་གི་སློབ་གསོའི་སྤྱི་བསྡོམས་ཤིག་ཀྱང་ཡིན་པས། བོད་རང་གི་ངག་རྩལ་འདི་དག་གིས་ངག་གི་རྩལ་སྦྱོང་བ་ཙམ་དུ་མ་ཟད། བསམ་གཞིག་གི་ནུས་པའང་བསྐྱེད་ཐུབ་པ་རེད།གཉིས་པ། གཏམ་དཔེ་ལ་སྦྱོང་བ།གཏམ་དཔེའི་ནང་དུ་བོད་ཀྱི་མི་ཆོས་སྐོར་གྱི་མན་ངག་ཁྱད་པར་ཅན་མང་པོ་ཡོད། འདི་ནི་མི་གཅིག་གི་བློ་གྲོས་ཀྱི་རྩལ་ལས་ཐོན་པ་མ་ཡིན་པར་མེས་པོའི་མི་རབས་དུ་མའི་བློ་གྲོས་ཀྱི་རྩལ་ལས་ཐོན་པ་ཡིན་པས་འདིའི་ནང་དུ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་དུ་མའི་མི་ཆོས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་རིམ་བཞིན་བརྒྱུད་ནས་ཡོང་བ་ཞིག་ཡིན་པས་འདི་ལ་རྒྱུས་ལོན་ན་མི་རིགས་ཀྱི་རིག་གནས་ལ་རྒྱུས་ལོན་པ་ཡིན་ཞེས་བཤད་ཀྱང་འགལ་བ་མེད། སྔོན་ཆད་བོད་ཀྱིས་གླུ་དང་གཏམ་དཔེ་བརྒྱུད་ནས་མི་རབས་གསར་པ་དག་ལ་སློབ་གསོ་གཏོང་བཞིན་ཡོད་པས་འདི་ནི་ངག་རྩལ་སྦྱོང་བའི་ཆེད་ཙམ་དུ་མ་ཡིན་པར་སློབ་གསོའི་གཞུང་ལུགས་ཤིག་ཡིན་པ་གསལ་བོ་ངོས་ཟིན་དགོས། དེ་བས་བྱིས་པ་རྣམས་ལ་གཏམ་དཔེ་ཁྲིད་དེ་སྔོན་ཆད་བོད་ཀྱི་སྲོལ་བཞིན་དུ་གཏམ་དཔེ་བཤད་པ་འགྲན་བསྡུར་བྱེད་དུ་འཇུག་པ་ཤིན་ཏུ་གལ་ཆེ།གསུམ་པ། གཏམ་རྒྱུད་ལ་སྦྱོང་བ།གཏམ་རྒྱུད་ནི་མི་རིགས་ཤིག་གི་བསམ་པའི་འཁྱེར་སོ་རེད། མི་རིགས་རང་གི་གཏམ་རྒྱུད་ཇི་ལྟར་ཤེས་པ་མང་ན་མི་རིགས་ཀྱི་བསམ་པའི་འཁྱེར་སོ་དེ་ལྟར་འདྲིས་འགྲོ། དེ་བས་བྱིས་པ་ལ་བོད་རང་གི་གཏམ་རྒྱུད་སྣ་ཚོགས་ངོ་སྤྲོད་བྱེད་པ་ཤིན་ཏུ་གལ་ཆེ། སྔོན་སྒྲུང་ལྡེའུ་བོན་གསུམ་གྱི་སློབ་གསོ་ཡང་ངག་ཐོག་གི་སློབ་གསོ་ཡིན་ཞིང་གཏམ་ནི་གཙོ་བྱས་པའི་མི་རིགས་ཤིག་གི་བསམ་བློའི་འཁྱེར་སོ་གཏམ་རྒྱུད་ཀྱི་གཟུགས་སུ་ཤར་བ་ཡིན་པས། སྔོན་ཆད་བོད་ཀྱི་བསམ་བློ་མང་བོ་ཞིག་གཏམ་རྒྱུད་ལ་བརྟེན་ནས་བྱིས་པ་རྣམས་ཀྱིས་ཤེས་པ་ཡིན་པས། དེ་བས་བོད་ཀྱི་བྱིས་པ་དག་ལ་བོད་རང་གི་གཏམ་རྒྱུད་གང་མང་བཤད་རྒྱུད་ནི་ཤིན་ཏུ་གལ་ཆེ་སྟེ། དེ་ལ་བརྟེན་ནས་ཀྱང་མི་རིགས་ཀྱི་རིག་གནས་མངོན་པར་མྱང་ཐུབ་པ་ཡིན།བཞི་བ། གླུ་གར་སྦྱོང་བ།སྔོན་ཆད་བོད་ཀྱི་བྱིས་པ་དག་ལ་བྱིས་གླུ་ལེན་རྒྱུ་ཡོད་ཅིང་གླུ་ཡང་བྱིས་པ་དག་ལ་མེད་དུ་མི་རུང་བའི་ཡོན་ཏན་ཞིག་ལ་རྩི། དེ་བས་བྱིས་པ་དག་ལ་སྔོན་གྱི་བྱིས་གླུ་མང་བོ་ཁྲིད་རྒྱུ་ཤིན་ཏུ་གལ་ཆེ། ཚང་མས་མཁྱེན་གསལ་ལྟར་གླུ་གར་ནི་རྩེད་མོ་ཞིག་ཡིན་ལ་ཡོན་ཏན་ཞིག་ཀྱང་ཡིན། གལ་ཏེ་གླུ་གར་འདི་བསམ་བློ་དང་འབྲེལ་བ་མེད་པའི་རོལ་རྩེད་ཀྱི་རྣམ་གྲངས་ཤིག་ཏུ་བཟུང་ན་དེ་ནི་ལོག་ལམ་དུ་འགྲོ་སྙམ། བོད་གླུ་གར་གྱི་རྒྱ་མཚོ་ཞེས་འབོད་པ་བཞིན་རྒྱ་མཚོ་འདིའི་ནང་དུ་སློབ་གསོ་དང་བསམ་བློའི་ནུས་པ་ཕུན་སུམ་ཚོགས་པ་ཡོད། གླུ་གར་སློབ་གསོ་དང་འབྲེལ་ཞིང་སློབ་གསོ་མ་འོངས་པའི་མདུན་ལམ་དང་འབྲེལ་ན་མི་རིགས་དེའི་གླུ་གར་ནི་ངེས་པ་དོན་གྱི་གླུ་གར་ཞིག་ཏུ་གྱུར་པ་ཡིན།ལྔ་བ། བློ་དང་རིག་པ་སྦྱོང་བ།བློ་རིག་སྦྱོང་བ་ནི་མི་ཚེའི་མདུན་ལམ་སྦྱོང་བ་ཞིག་ཡིན། སྔོན་ཆད་ལྡེའུ་ལ་བརྟེན་པ་ནི་བོད་མི་རིགས་ཀྱི་བསམ་གཞིག་དང་རིགས་ལམ་སྦྱོང་བའི་ཐབས་བླ་ན་མེད་པ་ཞིག་ཡིན། རྗེས་སུ་འདི་ལྟ་བུའི་སྲོལ་ཅུང་ཉམས་ནའང་རོང་འབྲོག་གི་ས་ཆ་ཀུན་ཏུ་སྲོལ་འདི་མུ་མཐུད་དུ་སྤྱོད་ཀྱིན་ཡོད། ལྡེའུ་དང་ཁེད་ཀྱིས་རིག་པ་སྦྱོང་བ་ཡིན་པས་བོད་ཀྱི་བྱིས་པ་དག་གིས་ཁེད་སྣ་ཚོགས་བསླབས་ཏེ་བསམ་གཞིག་གཏོང་བའི་ནུས་པ་བསྐྱེད་ན་ལེགས། ཁེད་ནི་བློ་སྒོ་འབྱེད་པའི་ཐབས་ཤིག་ཡིན་ནའང་བོད་ཀྱི་སྲོལ་རྒྱུན་སློབ་གསོ་རྩེད་མོའི་རྣམ་པ་ལས་ཁྲིད་ཀྱིན་ཡོད་ཅིང་ཐབས་དེ་ནི་བོད་ཀྱི་བྱིས་པར་ཤིན་ཏུ་འཚམ་པས་ང་ཚོས་ཀྱང་དེ་ཉིད་ཡོངས་སུ་སྤྱད་ན་ལེགས་སྙམ།དྲུག། ཡ་རབས་ཀྱི་སྤྱོད་བཟང་ལ་སྦྱོང་བ།ཡ་རབས་ཀྱི་སྤྱོད་བཟང་ནི་མི་ཞིག་ག་འདྲ་ཡིན་པའི་ཚད་གཞི་ཉག་གཅིག་ཡིན་པར་འདོད་དེ། མི་ཞིག་ལ་ཡ་རབས་སྤྱོད་བཟང་མེད་ན་དེ་ནི་ཆེས་གདུག་རྩུབ་ཆེ་བའི་མི་ཤིག་ཏུ་གྱུར་ཡོད། ཡ་རབས་ཤིག་ཡིན་པའི་རྟགས་སུ་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ལེགས་པོ་ཞིག་དགོས་ཏེ། ངག་གི་ཡ་རབས་ཀྱི་སྤྱོད་པ་ནི་ཞེ་ས་དང་ལུས་ཀྱི་ཡ་རབས་ཀྱི་སྤྱོད་པ་ནི་བརྩི་བཀུར་ཚུལ་མཐུན། ཡིད་ཀྱི་ཡ་རབས་ཀྱི་སྤྱོད་པ་ནི་བྱམས་སྙིང་རྗེ་དང་གཞན་ཕན་གྱི་བསམ་པ་སོགས་ཡིན།དཔེ་འདི་དང་འདི་ལྟ་བཞིན། སྲོལ་རྒྱུན་རིག་གནས་ཀྱིས་རྨང་གཞི་བྱས་ཏེ་བྱིས་པ་རྣམས་ལ་མི་རིགས་རང་གི་སྲོལ་རྒྱུན་རིག་གནས་ཀྱིས་རྨང་གཞི་བྱས་ཏེ་སྲོལ་རྒྱུན་རྩེད་མཚར་སློབ་གསོའི་ནུས་རྩལ་གང་ལེགས་ལ་སྦྱོང་བརྡར་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་སློབ་གསོའི་དགོས་པ་གལ་ཆེན་ཞིག་ཀྱང་ཡིན་ནོ།།



