数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第03版:阿坝日报

གཡུ་ཆུང་ངག་གི་གྲེ་འགྱུར།

♦ཁམས་ཟླ་སྲས། 【དཔལ་ཡུལ】

ལོ་ཟླའི་མེ་ཏོག་མཛེས་པོ་རིམ་བཞིན་རྫོགས་ནས།།

ན་ཚོད་གཞོན་པའི་འདབ་མ་སད་ཀྱིས་འཇོམས་ཡང་།།

རེ་བའི་མདའ་སྣེ་གཏད་སོ་འགྱུར་བ་མེད་པར།།

འདུ་བྱེད་ངག་གི་སྐུད་པར་དམ་པོ་འཇུ་འདོད།།

དགའ་སྐྱོའི་ཚོར་བ་དབྱར་གཞུང་སྤང་དུ་བཞད་དུས།།

འཛུམ་ཆུང་གཟི་འོད་གཙང་བོའི་འགྲམ་ནས་འཚེར་དུས།།

གློ་བུར་གྲེ་བའི་འགྱུར་ཁུགས་ཟབ་མོ་རྡུང་པ།།

སྐྱེ་བར་ཡིད་སེམས་འཁྲེངས་བའི་ལན་ཆགས་ཡིན་སོང་།།

རི་མོ་མཛེས་མཛེས་དག་ཏུ་ཧུར་བརྩོན་བྱས་ཀྱང་།།

ལས་ལ་མ་ཞུགས་ཙམ་ལས་ཅི་ཡང་མ་འཁྱོངས།།

དར་དར་སྒྱུ་མའི་ལང་ཚོ་ཕྲག་ཏུ་བབས་དུས།།

ཕྲ་ལ་མཉེན་པའི་གཟུགས་བྱད་མཐོང་ན་དགའ་བ།།

ལེགས་བྱས་རིན་ཐང་ཅན་ཞིག་རྙེད་པ་མེད་ཀྱང་།།

རེ་འདུན་གྲུ་གཟིངས་བརྒལ་བར་གོམ་མཚམས་མ་ཆད།།

ནམ་ཡང་འཚོ་བའི་གཡས་ཟུར་གང་རུང་ཞིག་ནས།།

བརྗེད་མེད་ཡིད་ཀྱི་སྨོན་པར་གསོལ་བ་བཏབ་ཡོད།།

རང་སེམས་སྙི་མོ་ཞིག་གི་སྐྱོ་བའི་ཡུན་ལ།།

གུ་ཡངས་བག་ལྷོད་བཅའ་བའི་གཟིམ་ཆུང་ནང་དུ།།

སྡུག་གི་ཤུགས་རིང་འབྱིན་ནས་མི་ཚེ་གཏོང་བ།།

མཐོང་བའི་མོད་ལ་སུ་ཡིས་འཕྱ་སྨོད་བྱེད་སྲིད།།

འཁོར་བར་ཨ་ཐང་ཆད་དེ་གནས་ནས་ཡོད་ཀྱང་།།

སྔར་བཞིན་མགྲིན་ལས་འཁྲུངས་པའི་དབྱངས་ལ་ཉན་དུས།།

མི་བདེན་སྒྱུ་མས་བསླུ་བྲིད་གཏོང་བ་མེད་ན།།

རང་སེམས་སྐྱོ་བའི་སྨུག་པ་རིམ་གྱིས་དྭངས་འགྲོ།།

མཛེས་སྡུག་ཆུ་སྐྱེས་དགོད་པའི་ཉམས་དགའི་ཚལ་ནས།།

བདེ་མོའི་བྲོ་བར་འཁྲབས་པའི་མོ་གཞོན་དར་མ།།

ཡིད་ཀྱི་རྟེན་དུ་རིང་ནས་བཞེངས་པར་མཛད་ན།།

ལྷན་འཛོམས་འཚོ་བའི་སྡེར་ཁ་ད་ཆར་སྒྲིག་ཆོག།

མི་རྟག་འཇའ་ཡི་རང་གཤིས་འདི་འདྲ་ཞིག་སྟེ།།

ད་ཡོད་མཛེས་སྡུག་ལྡན་ཡང་ད་ཆར་གཟིམ་འགྲོ།།

ཡོད་ལ་མེད་པའི་མཐའ་ནས་དུས་ཚོད་དེ་དག།

མ་ཤོར་དམ་འཛིན་གནང་ན་དེ་གས་ཆོག་འདུག།

སོར་མོའི་འཕྲུལ་ལས་སོན་པའི་ངག་གི་རྩེད་འཇོ།།

བཅོས་བཅོས་སྣང་བའི་གཞུང་ནས་སེམས་ཀྱིས་རོལ་ན།།

དུས་བཞིའི་འགྱུར་ལྡོག་ཀློང་གི་ངང་ཚུལ་དག་ལ།།

ཅི་ཡང་ལྟ་རྒྱུ་མེད་དེ་མདུན་དུ་སྐྱོད་དགོས།།

དབྱངས་སྙན་ཅོ་ཀའི་འཕྲིན་ཆུང་རྒྱང་དུ་སྐུར་ན།།

ང་ཡི་ཞེ་འདྲིས་བུ་མོས་གསན་ཐབས་ཡོད་དམ།།

བདག་ནི་སྤྱིལ་ཆུང་ཞིག་ཏུ་གནས་མལ་བཅའ་ནས།།

ཁེར་རྐྱང་གདུང་བའི་འབོད་པ་ངག་ལ་ཐལ་སོང་།།

中共阿坝州委机关报 阿坝州新闻传媒中心出版
阿坝州新闻传媒中心版权所有 未经书面授权 不得复制或建立镜像
  蜀ICP备05005001号-1  违法和不良信息、虚假新闻举报:0837-2828785

2026-07-14 ♦ཁམས་ཟླ་སྲས། 【དཔལ་ཡུལ】 4 4 阿坝日报藏文 c227260.html 1 གཡུ་ཆུང་ངག་གི་གྲེ་འགྱུར། /enpproperty-->