དུང་སེམས་འོ་མའི་མཚོ་རུ་འཁྲུངས་པའི་བརྩེ་བའི་ཨ་ལོང་དགུ་སྒྲིལ་ཅན།།
ལས་དང་སྨོན་ལམ་སྟབས་ཀ་མཐུན་ཏེ་འཁོར་བའི་ལམ་ཆེན་ལམ་ཆུང་ནས།།
མི་འགྱུར་ཁ་དན་སེམས་སུ་སྦས་ཏེ་ཁ་བའི་སྙིང་གཏམ་སྤྲིན་དཀར་མ།།
སྙན་ངག་དབྱངས་ཀྱི་རྟ་ལ་བསྐྱོན་ཏེ་བྱམས་པའི་དགའ་སྡུག་ཞེ་རུ་ཉར།།
ཚེ་སྔོན་བསོད་ནམས་བ་སོན་བཏབ་པའི་གཡང་གི་ཁྱིམ་གཞིས་དྲོན་མོ་རུ།།
ཟླ་བའི་ལང་ཚོ་རིམ་གྱིས་རྫོགས་ཤིང་ཡིད་སེམས་འཛིན་མའི་སྤང་ཐང་དུ།།
ལས་ཀྱི་བག་ཆགས་གཉིད་ལས་སད་དེ་ལྔ་རིག་མེ་ཏོག་བཞད་པའི་ཚལ།།
ཟུར་མིག་བུང་བ་འཕུར་ལྡིང་བྱེད་བཞིན་བསམ་བློའི་དབུ་ཁྱུད་དང་པོ་བྲིས།།
གཞོན་སྐྱེས་སྣང་བ་རི་ཟེའི་མཚམས་སྤྲིན་སྣང་བའི་གུར་ཁྱིམ་སྣ་ཚོགས་ཕུབ།།
དགའ་སྐྱོའི་ཚང་ཚིང་ཡལ་ག་རྒྱས་ཤིང་བརྩེ་བའི་ཟུངས་ཁྲག་འདྲེས་པའི་མི།།
རེ་བའི་འོད་སྣང་མིག་ལ་བཏེགས་ཏེ་ཐོག་མའི་འཇིག་རྟེན་གང་ཞིག་ནས།།
སྙན་འཇེབས་དབྱངས་ཀྱི་ངུ་ངག་སྙན་མོ་ཨ་མའི་པང་དུ་དཀྲོལ་དེ་དྲན།།
རྐང་བཞི་ཚིག་ལ་དབྱངས་འགྲོས་མེད་ཀྱང་དོན་གྱི་བརྗོད་བྱ་ལ་དམིགས་ཏེ།།
ཟུར་གསུམ་སྙིང་གི་ཐིག་ལེ་སྲུང་བའི་ཡིད་ཀྱི་ཚོར་གཤིས་ཟབ་མོ་འདིས།།
འུ་གཉིས་དགོད་སྒྲ་འཇགས་པ་མེད་ཅིང་སྐྱེ་འཆིས་ཧེ་བག་མི་ཕྱེ་བའི།།
ལག་ཟུང་གའུ་བྲང་ལ་བསྐོར་ཏེ་སྨོན་ཚིག་སྙན་མོ་ཡིད་ནས་བརྗོད།།
སུ་ཡིས་མ་བཏབ་གང་གིས་མ་བསྐྲུན་རི་སྐྱེས་པད་དཀར་ཆུན་པོ་གཅིག།
སྒོར་མོས་མ་བསྒྲུབས་གྲོང་ནས་མ་རྙེད་སེམས་པའི་གཏིང་གི་མགུར་གླུ་གཉིས།།
སྲོག་གི་སྐྱ་རེངས་ཉི་གཞོན་གསར་བ་མི་ཡུལ་ཤར་བའི་དགའ་སྟོན་དུ།།
ལྷོ་བཞུད་ཁྲུང་ཁྲུང་མགུལ་ལ་སྤྲིངས་ཡོད་སྙི་བའི་ནང་སེམས་འདྲིས་པའི་མི།།
ལོ་ཟླས་སྨིན་པའི་མི་ཚེའི་མཛེས་སྡུག་དབྱར་ཟླ་རྒྱས་པའི་ནང་རོལ་ན།།
བདེ་སྐྱིད་འཚོ་བའི་ཚོན་མདངས་ཡལ་མེད་འཇའ་ཚོན་རི་མོ་བཀྲ་བ་བཞིན།།
དུས་བཞི་འགྱུར་བའི་ངོ་གདོང་ཁྲོད་ནས་བརྩེ་བའི་འཛུམ་མདངས་མི་ཡལ་ཞིང་།།
བདག་ཡིད་འཇིག་རྟེན་མག་མོག་ཚལ་ན་ཁྱོད་ཉིད་གཅིག་པུ་རྟག་བརྟན་ཤོག།
བསམ་པའི་མིག་ཟུང་རྒྱང་དུ་བསྲིངས་ཤིང་ཚོར་བའི་རྨུ་ཐག་རིང་མོ་རུ།།
དར་མའི་སྣང་བ་ཡང་ཡང་འཁྱུད་ཅིང་རེ་བའི་གོམ་ཆུང་མི་ལྷོད་པར།།
བཅུ་ཕྲག་རིག་པའི་འཁོར་འདས་ཉུལ་ཞིང་ཕུགས་ཀྱི་འདུན་མ་རླབས་ཆེ་བའི།།
བརྒྱ་ཕྲག་རི་ཆུའི་ཕ་རོལ་བཞུགས་པའི་སེམས་ཀྱི་རྟེན་ཁྱོད་སྙིང་ལ་མཛེས།།
གཡོ་སྒྱུ་ཚིག་གི་ཐམ་ག་མ་བྲིས་བདེན་པའི་གཤིས་ལ་འཕོ་འགྱུར་དབེན།།
ཐོག་མའི་ཞལ་ལ་ཡང་སྤྲུལ་མེད་པས་སྐྱོ་བའི་ཟློས་གར་འཁྲབ་མ་མྱོང་།།
རེ་དོགས་སྨུག་པའི་ན་བུན་མ་ཐེབས་ལུགས་གཉིས་གསལ་བའི་སྒྲོན་མེ་ལ།།
ཞེ་ཡི་འཁྲི་ཤིང་དམ་པོར་བཅིངས་པའི་བརྩེ་བའི་གྲོགས་ཁྱོད་བདེ་སྐྱིད་རྟག།
ཕྲན་གྱི་ལས་དབང་ལ་ཐུར་མོད་ཀྱང་འདང་གི་གཞུང་ཐག་མི་ཆད་ཅིང་།།
དགོས་མཁོའི་ཉི་མ་ནམ་ཤར་ཚེ་ན་བརྩེ་བའི་ནུས་མཐུ་ཆེས་སྟོབས་པའི།།
སེམས་ཀྱི་འཆར་སྒོ་དབྱངས་ལ་བཅོལ་བའི་སྲིད་པའི་ཁ་དོག་འཚོལ་བའི་མི།།
ཉིད་ཀྱི་གསང་གསུམ་དྲན་ཐེངས་རེ་ལ་དྲན་གདུང་མིག་ཆུ་སེམས་སུ་དཀུ།།
འཛོམས་པའི་ས་ཚུགས་ཁ་ཆད་མ་བཏབ་སྔོན་གྱི་ལས་དང་འཕྲལ་རྐྱེན་གྱིས།།
མཐུན་པའི་ལག་རྡང་ཆེད་དུ་མ་སྦྲེལ་དགའ་སྡུག་མེ་ལོང་གསལ་གསལ་ནས།།
བྲིས་པའི་ཡིག་ཆུང་རྟོག་བཏགས་མ་ཡིན་ཚིག་གི་ལེགས་སྐྱེས་མངར་མོ་འདི།།
ཡིད་འཕྲོག་བཅོས་མིན་ཞལ་དུ་ཕུལ་ན་སེམས་ཀྱི་ཕྱེ་ལེབ་དགྱེས་པར་སྨོན།།



