སྨུག་སྤྲིན་རི་ལ་འཐིབ་སྟེ་ཆར་ཆུས་ལ་ལུང་གཤག་དུས།།
ནོར་ཁྱུའི་རྨིག་རྗེས་འདེད་པའི་རྩྭ་ཐང་མེ་ཏོག་ཁྱེད་ཡིན།།
ཁྱེད་རང་བཀྲེས་སྐོམ་སངས་པའི་བཟའ་བཏུང་སུ་ཡིས་སྩོལ་དམ།།
ཁྱེད་ལ་སྐུ་ངལ་གསོ་སའི་གདན་ཁྲི་སུ་ཡིས་རྒྱག་གམ།།
ཁ་བ་ལྷབ་ལྷུབ་ཁྲོད་ཀྱི་ལྷགས་རླུང་གྲང་ངར་རྒོད་པ།།
མཚན་སྨག་སྟུག་པོའི་དབུས་སུ་ལྷས་སྒོར་འགྲིམ་མཁན་ཁྱེད་ཡིན།།
ཁྱེད་ལ་གྲང་འཁྱག་སེལ་བའི་དྲོད་ཁོལ་སུ་ཡིས་སྦྱིན་ནམ།།
ཁྱེད་ལ་མཚན་སྨག་བརྒལ་བའི་གཏན་གྲོགས་སུ་ཞིག་མཆིས་སམ།།
ལས་ཀྱི་ཁྱིམ་ཐབ་སྐྱོང་བཞིན་དབུ་ཡི་སྐྲ་ལོ་དཀར་བྱུང་།།
ཙག་ཙིག་བྱ་བའི་ཁྲོད་ནས་རྒས་པའི་དུང་སོ་འཐོར་སོང་།།
ལོ་གྲངས་དེ་ཚོད་ཅིག་གི་དཀའ་ཚེགས་རྡུལ་ལས་མང་བས།།
རེ་ཞིག་བུ་དང་ཚ་བོ་ལས་ལ་སྐུལ་བར་གྱིས་དང་།།
ལང་ཚོའི་མེ་ཏོག་བཞད་པའི་ལོ་ཟླའི་གཙང་བོ་བཞུར་སོང་།།
མི་ཁོམ་འཁོར་བའི་ལས་ཀྱི་ལྕགས་སྒྲོག་གྲོལ་དུས་མི་འདུག།
མིག་ཟུང་མཆི་མའི་ཀློང་ནས་བྱམས་དང་བརྩེ་བ་ཚོར་བྱུང་།།
ཕྱག་ཟུང་སེར་ཀའི་བར་ནས་དུང་བའི་གཟི་བྱིན་མཐོང་སོང་།།
ལུས་ཟུངས་རྒུད་པའི་ཉམས་དེ་ཅི་འདྲའི་སྙིང་རེ་རྗེ་བ།།
སེམས་རྒྱ་ཆུང་བའི་ཚུལ་འདི་དེ་འདྲའི་ཡིད་ལ་སྐྱོ་བ།།
སེམས་ཀྱི་མཆི་མ་འབྱིད་བཞིན་བརྩེ་བས་དམ་དུ་འཁྱུད་དེ།།
གཉེར་མས་གང་བའི་གདོང་ལ་འོ་ཞིག་སྦྱར་ན་འདོད་བྱུང་།།
གཟུགས་གཞི་ནད་ཀྱིས་ཨེ་མནར་སེམས་ཀྱི་རྒྱབ་རི་སྨུག་པོ།།
ངལ་བས་ཚེ་ཕྱེད་རྫོགས་ཤིང་གཞིས་ཁྱིམ་གྲུ་བཞིའི་བདག་མོ།།
འཆི་བདག་གཤིན་རྗེའི་ཕོ་ཉ་ག་ཙམ་ཉེ་བར་མི་ཚོར།།
ཕྲེང་བ་ལག་ལ་ཐོགས་ཏེ་ངལ་གསོ་ཅུང་ཙམ་གནོངས་ཤིག་དང་།།



