数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第03版:阿坝日报

རྟེན་འབྲེལ་སྙིང་གི་ལེགས་སྐྱེས།

♦བན་ཤུལ་དཔལ་ལོ། 【མཚོ་ལྷོ】

དེ་རིང་དབྱར་གསུམ་ཁུ་བྱུག་གསུང་སྐད་དང་འགྲོགས་ནས།།

བདག་གི་དར་ལུང་རྣ་བའི་སྙན་གྱི་བུ་ག་རུ།།

ཡུན་རིང་སེམས་ནས་སྒུག་པའི་གཏམ་བཟང་འཕྲིན་ངག་ཅིག།

ལྷང་ལྷང་འཁྲོལ་བའི་དགའ་སྟོན་ཡིད་ཀྱི་གསོས་སུ་སྨིན།།

སྙིང་ནས་གཅེས་པའི་རིག་བཟང་ཚ་མོ་བརྩོན་ལྡན་མ།།

རྒྱུགས་སྤྲོད་གཡུལ་ས་ལས་རྒྱལ་ཕུལ་བྱུང་སྐར་འབྲས་ཀྱིས།།

རང་གི་ཕུགས་བསམ་ཁྲོད་ཀྱི་སློབ་གྲྭ་དེ་ཉིད་ལ།།

རྒྱུགས་ཚད་ལོན་པས་ཁུ་བོ་ང་རང་སྤྲོ་བས་བརྟས།།

སློབ་འབྲིང་ལོ་ངོ་གསུམ་གྱི་ལོ་ཟླའི་དུས་ཡུན་དུ།།

ཚ་མོ་ཁྱེད་ཀྱིས་རང་རྟོགས་བསླབ་བརྩོན་ནུས་མཐུ་ལས།།

རྒན་གྱི་གསུང་དང་ཕ་མའི་རེ་བཅོལ་དང་བླངས་ཏེ།།

བསླབ་ཚན་ཁག་ལ་ནན་གྱིས་སྦྱངས་པའི་གྲུབ་འབྲས་རྨད།།

དེ་རིང་ཁྱེད་ཀྱི་རྨི་ལམ་མངོན་དུ་གྱུར་བ་ཡིན།།

དེ་རིང་ཁྱེད་ཀྱི་རྒྱལ་ཁའི་རྟེན་འབྲེལ་ཚེས་པ་ཡིན།།

འདི་ནི་འབད་པའི་རིན་དོད་ཅིག་གི་མཚོན་རྟགས་ཡིན།།

འདི་ནི་རང་རྩོལ་ལས་ཀྱིས་བསྐྲུན་པའི་ལོ་ལེགས་ཡིན།།

ན་ཆུང་སློབ་མ་ཞིག་གི་དམ་བཅའི་རི་མོ་དེ།།

དོན་སྨིན་ལེགས་གྲུབ་བྱུང་ལ་བདག་སེམས་ཅིས་མི་སྤྲོ།།

ཨ་མའི་བུ་མོ་ཞིག་གི་སྙིང་སྟོབས་གོ་ཆ་འདིར།།

སྐུལ་ལྕག་ཚིག་གི་བསྟོད་བསྔགས་འབུལ་བར་ཅིས་མི་འོས།།

སླད་ཕྱིན་གསེར་ལྗོངས་ཁྲི་ཀའི་སློབ་རའི་དགའ་ཚལ་དེར།།

ཤེས་རིག་རྟ་ཕོར་བརྩོན་འགྲུས་ལྕག་གིས་བསྐུལ་བཞིན་དུ།།

སློབ་རའི་དགའ་ཚལ་འགྲིམས་པའི་ཉིན་མཚན་དུས་དྲུག་ཀུན།།

སྐད་ཅིག་ལྷོད་གཡེང་མི་གཏོང་ཉེར་བསྡོགས་ད་ནས་རེམ།།

ན་སོ་ཆུང་བའི་གསེར་གྱི་དུས་འདི་དམ་འཛིན་བྱོས།།

སློབ་གྲོགས་བར་ན་མཐུན་སྒྲིལ་མཛའ་བརྩེ་གསེར་ཟམ་སྦྲེལ།།

རྒན་གྱི་བཀའ་དང་ཕ་མའི་རེ་བཅོལ་སྙིང་ལ་ཆོངས།།

ཤེས་བྱའི་སྒོ་ཐེམ་རེ་རེར་གོམ་ཆེན་སྤོ་བཞིན་བསྐྱོད།།

དེའང་རྗེས་ཀྱི་རྒྱུགས་སྤྲོད་རེ་རེའི་སྐབས་སུ་ཡང་།།

དེ་རིང་ལྟ་བུའི་བརྩོན་པའི་ལས་ལ་ལྷུར་བླངས་ཏེ།།

རང་གི་མདུན་ལམ་འོད་སྟོང་ལྡན་པའི་ཕྱོགས་ལ་ཆས།།

ཕུགས་བསམ་ཞིང་གི་སློབ་ཆེན་ཞིག་ལ་རེ་སྙེག་བྱོས།།

ལས་རིགས་དགའ་ཕྱོགས་གང་ཞིག་དོན་དུ་གཉེར་བ་ལ།།

ད་ནས་དམིགས་འབེན་གསལ་བོའི་སྟ་གོན་གཏན་འབེབས་བྱོས།།

མིག་རྒྱང་རིང་ཞིང་བློ་ཁོག་བརྟན་པོའི་འདུན་མ་ཡིས།།

རང་གཞན་ཀུན་ཕན་ཚུལ་ལྡན་མི་ཞིག་ཨེ་འཁྱོངས་ལྟོས།།

སྙིང་གི་གཅེས་ཕྲུག་ཚ་མོ་ཁྱེད་ལ་ཕུལ་བའི་གཏམ།།

རྟེན་འབྲེལ་སྙིང་གི་ལེགས་སྐྱེས་ངག་རིག་ཕྲེང་བ་འདི།།

གཡུར་ཟའི་རྒྱུགས་འབྲས་རླུང་རྟ་དར་བའི་བསུ་མ་རུ།།

ཁུ་བོ་ང་རང་རབ་ཏུ་དགའ་བཞིན་འཕྲལ་དུ་སྦྱར།།

中共阿坝州委机关报 阿坝州新闻传媒中心出版
阿坝州新闻传媒中心版权所有 未经书面授权 不得复制或建立镜像
  蜀ICP备05005001号-1  违法和不良信息、虚假新闻举报:0837-2828785

2026-08-14 ♦བན་ཤུལ་དཔལ་ལོ། 【མཚོ་ལྷོ】 4 4 阿坝日报藏文 c228059.html 1 རྟེན་འབྲེལ་སྙིང་གི་ལེགས་སྐྱེས། /enpproperty-->