数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第07版:阿坝日报

ལམ།

♦དཔལ་ལྡན་རྒྱ་མཚོ། 【ཀན་སུའུ】

“ལམ་ནས་སེམས་ཆུང་བྱོས། ལས་གནས་སུ་འབྱོར་ཏེ། སྟབས་བདེ་པོ་བྱུང་ན། ཨ་མར་སྐད་ཞོག”ཅེས། ཉན་མ་ཐག་ཧ་ཅང་ཆ་ཡོད་འདྲ་ལ་ཞིབ་ཏུ་བསམ་ཚེ་ཤིན་ཏུ་རྒྱུས་མེད་ཆགས་པའི་སྐད་ཆ་འདི། ནམ་རྒྱུན་ཕྱི་ལ་འགྲོ་བའི་སྟ་གོན་རྩོམ་དུས། ཨ་མ་ལགས་སྒོ་ཁྱམས་དཀར་ནག་གི་འདྲེས་མཚམས་ནས་ཡར་འགྲེང་སྟེ། ཁོང་མོའི་མིག་ཟུང་གཟི་མིག་གི་མཐའ་རུ་ཇི་སྲིད་ནར་སོན་དུ་མེད་པའི་སྙིང་གི་བུ་ཆུང་ཐིག་ལེར་གདམས་པའི་སེམས་ཁྲལ་གྱི་ཞལ་གསུངས་དྲོན་མོ་ཡིན། སྐད་གདངས་ལ་བྱམས་བརྩེའི་འོ་དྲི་འཁྱིལ་བའི་བྱམས་ལྡན་མས་ལམ་ལ་ཆས་ཁར་རང་སེམས་ལ་བསྒྲོན་པའི་ཤེས་རབ་ཀྱི་སྒྲོན་མེའང་ཡིན་འདོད།

དུས་རྒྱུན་ལམ་ལ་ཆས་ཁར། ཁོང་མོར་ཕྱིར་མིག་འཕེན་པར་མི་བཟོད། གུས་ལུགས་བཅོ་བརྒྱད་ཀྱི་སྐ་རགས་ལྗང་ཁུའི་མདུད་པ་ལྷོད་ཀྱིས་བཤིགས་ནས། ཞེན་ཆགས་ཀྱི་ཕྲུག་ལྭ་དམར་པོའི་གོང་ཁ་ཡར་ལ་འཐེན་ཞོར། ཁོང་མོར་ཕྱིར་མིག་གློད་ན། སྐྲ་དཀར་གྱི་ཉག་མ་གངས་དཀར་གྱི་ཅོད་པན་དུ་ཆགས་པའི་ཁོང་མོའི་བརྟན་བརླིང་གི་རང་གཤིས་ལས། བདག་ལ་ཞུམ་མེད་རྒྱང་སྐྱོད་ཀྱི་སེམས་དཔའ་བསྒོ་མྱོང་ཞིང་། ཁོང་མོའི་མིག་ཟུང་གི་རྒྱལ་མོའི་ཀློང་ལ་སྐྱོ་ཡུས་སེམས་ཁྲལ་གྱི་ཟིལ་བ་མཐུག་པོ་ཆགས་པས། བདག་ལ་ན་ཟུག་སྐྱོ་གདུང་གི་དྲན་པ་ལྕི་མོ་སྟེར་མྱོང་། དེ་དག་ནི་འཇིག་རྟེན་གནམ་འོག་གི་བསྐྱེད་ཡུམ་ཀུན་ལ་ཐུན་མོང་དུ་ཡོད་པའི་མཛེས་སྡུག་གི་གཤིས་ཉམས་སྙིང་དུ་སྡུག་པ་དེ་ཡིན་སྙམ། འཁོར་བའི་སྐྱིད་སྡུག་གི་བྲག་ཅའི་སྒྲ་དབྱངས་ཁྲོད་ཁེར་རྐྱང་ངང་ཁ་རོག་གེར་ཉན་ན།ཨ་མའི་མིག་ཟུང་ནང་ལ། ང་དང་སྲིང་མོ་ཆུང་ཆུང་།རྒྱང་ལ་བསྐྱོད་པའི་ཞེན་ཆགས། མིག་ཟུང་ནང་ལ་འཁྲེང་འདུག ཅེས་ཡིད་སེམས་འདྲེན་པའི་སྐྱོ་གཞས་མི་རྣམས་ཀྱི་ངག་གི་རྒྱུན་ལ་ཆགས་པ་བཞིན། གནམ་འོག་གི་དྲིན་ཅན་བསྐྱེད་ཡུམ་རྣམས་ཀྱི་འདང་ཆེན་བུ་ཕྲུག་རྣམས་ཀྱིས་རྒྱང་བཞུད་ཀྱི་གོམ་ཁའི་རྡེའུ་དཀར་ནག་སྒྲིག་དུས།དུངས་ཞེན་གྱི་གཙང་པོའི་རབ་ཁ་ནས་འདི་ལྟར་སྐྱེལ་མ་མཛད་པའི་སྐྱོ་སྣང་གི་གཏམ་རྒྱུད་ཉི་མར་འགེལ་བའི་རེ་སྒུག་དང་དུས་ཆད་བགོ་མྱོང་ཞིང་། སྲིད་པའི་མེ་ལོང་ནང་དུ་གྱེས་བྲལ་ཆགས་སྡང་གི་རི་མོ་འཁྱུག་ཅིང་དེད་ནས་ཡོང་དུས།མི་ཡུལ་གྱི་ལུང་པའི་གཏམ་རྒྱུད་ནང་ལ་རང་རང་གི་བུ་ཕྲུག་གཞན་དོན་གྱི་ཆེད་དུ།ཕྱི་རུ་བསྐྱོད་པའི་དཔྱིད་ཀ་རེ་རེའི་ཞོགས་པའམ་ཉི་ཤར་གྱི་རྩེ་མོར། མཛེས་སྡུག་གི་སྨོན་ལམ་གསོལ་བའི་རེ་འདུན་སྙི་མོ་གཡོར་གྲུ་ཆུང་ཆུང་དུ་བཏབ་སྟེ།དུས་ཚོད་ཀྱི་གཙང་པོའི་ནང་ལ་ག་ལེར་བཏང་ཚེ།སེམས་རྟེན་དུ་ཆགས་པའི་ཕྲུ་གུ་རྣམས་ཁོང་ཚོའི་གམ་ལ་དལ་བུར་གཡོ་ཞིང་།རྨི་ལམ་དུ་ཡང་མོར་སྐྱོམ་ཡོང་བའི་སྨོན་འདུན་གྱི་རླབས་རིས་འཁྱུག་ཡོང་བ་མཛེས་སྡུག་ཏུ་བསྒོམས་པ་མི་དྲན་ནམ། རྫ་དཔལ་སྤྲུལ་གྱིས་མཛད་པའི《ཆུ་གྲུ་ལུས་ཀྱི་རྣམ་བཤད》ལས་ཀྱང་།རྟེན་ཞིང་བརྟེན་པའི་གཏན་ཚིགས་ཀྱི་ལྗོན་པ་མི་ཡུལ་དུ་བསླངས་པའི་སྟེང་ལ།བརྩེ་བའི་ཡལ་ག་དལ་གྱིས་རྒྱས་ཤིང་དུངས་པའི་མེ་ཏོག་ངང་གིས་བརྒྱན་པའང་མི་ཚེའི་ལམ་བུ་རིང་མོའི་འཇུག་ངོགས་བསྟན་པ་ཤེས་རབ་ཡིན་ནོ།།

བརྩེ་ཞེན་གྱི་མིག་ཟུང་ནང་ལ་ཚེ་རབས་ལས་ཀྱི་གཏམ་རྒྱུད་ཆགས་པའི་ཆུང་མས།དཀར་ཡོལ་འབྲུག་རིས་མའི་ནང་ལ་འོ་ཇ་མངར་མོ་ལྟེམ་མེར་བླུགས་ཡོང་སྟེ།འཇམ་ཞིང་མཉེན་པའི་ལག་ཟུང་གིས་བསྐྱོར་ནས་སེམས་ཆུང་ལྷོད་བག་གིས་ངའི་ལག་ཏུ་དལ་མོར་འཇོག་དུས། ངས་ད་གཟོད་ཁོ་མོའི་ལུས་ཀྱི་ཤ་དྲོད་དང་སེམས་ཀྱི་འཕར་ལྡིང་དཀར་ཡོལ་གྱི་ངོས་སུ་འཁྱིལ་ནས་ལུས་ཡོད་པའི་ཀུན་རྟོག་རྙེད་ཡོང་།དཀར་ཡོལ་འབྲུག་རིས་མའི་སྟེང་གི་འབྲུག་གི་རི་མོ་འགུལ་གྱིན་འདུག་པ་འདྲ་ལ།འོ་ཇ་དཀར་པོ་ཚ་པོའང་སྐྱོམ་བཞིན་སྣང་འདྲ། དེ་དག་ནི་ལམ་གྱི་བཀོད་པ་ལས་ཀྱི་སྣང་བར་འཚེར་བའི་འཆར་རྟོག་གི་གྲིབ་མ་དང་འདྲ་ཞིང་། ཀུན་རྟོག་གི་ངོས་སུ་བྲིས་པའི་འཁྲུལ་སྣང་མིན་པར་དངོས་ཡོད་ཀྱི་ཁྲོད་ལ་བཞེངས་པའི་མངོན་སུམ་ཡིན་འདུག ཁོ་མོས་ངག་ལ་སྦྲང་རྩིའི་དཔལ་ཡོན་འཁྱུག་པའི་ཤེལ་དཀར་གྱི་བུམ་པའི་མཆུ་སྒྲོས་དལ་གྱིས་འགུལ་བ་ཡིས།“དལ་མོ་བྱས་ཏེ་སོང་ན།བྲེལ་མོ་བྱས་ནས་ཐོན་པའི་དཔེ་ཡོད།”ཅེས་ཞི་འཇམ་གྱི་ངག་ལ་མེ་ཏོག་གི་དྲི་བསུང་འཐུལ་བས།ངས་རྐང་དྲུག་གི་གཤོག་ཟུང་གཡར་ནས་ལམ་གྱི་སེམས་ཁྲལ་རྫོགས་མེད་ལ་མགོ་ལྕོག་ལྡེམ་ལྡེམ་གྱིས་བདེན་ལན་བསྐྱོན་པ་ཡིན། ཡིད་ཀྱི་འཁྲི་ཤིང་གི་ཡལ་གར་འཁྱུད་པའི་སྔོ་ལྗང་གི་ལོ་མ་ཉི་འོད་ཀྱི་དྲོད་ཁོལ་ཀློང་ན་ཇི་འདྲའི་ཡིད་དུ་འོང་བ་ལ་ཨང་།

འཇིག་རྟེན་ཕོ་རེ་གམ་ན་མོ་རེ་ཞེས་པ་ནི་འཇིག་རྟེན་གྱི་ཕོ་མོའི་འདོད་ཡོན་ཙམ་དུ་མིན་པར།མིའི་རིགས་ཀྱིས་འཁོར་བའི་ནང་ལུང་གི་རྩོལ་སྒྲུབ་ཀྱི་སྲོག་ཤིང་ལ་བརྒྱུས་པའི་མངོན་མེད་ཀྱི་སྟོབས་ཤུགས་ཤིག་དང་གཡོལ་མེད་ཀྱི་དད་མོས་རིགས་ཤིག་ཏུ་འདོད་ཅིང་།དེ་བཞིན།འཚོ་བའི་དཀའ་སྡུག་གི་ཉིན་སྲིབ་ཀློང་ལ་སྤྲད་པའི་འཚོ་གནས་ཐབས་ཤེས་ཀྱི་གཏན་ཚིགས་ཤིག་ཏུའང་སེམས། དཔལ་དོན་གྲུབ་རྒྱལ་ལགས་ཀྱིས་མཛད་པའི《ཤ་དང་རུས་པའི་བརྩེ་དུང》གི་དོན་གྱི་སྙིང་བོ་དབབ་སའི་དཀྱིལ་འཁོར་ཡང་འཇིག་རྟེན་ཁྱིམ་པའི་བརྩེ་དུང་དུ་བྲིས་ཤིང་། སྐྱིད་སྡུག་འཁོར་བའི་ཁྲེལ་གཞུང་དང་ཕྱི་ཐག་ལ་བརྒྱུས་པའི་འཚོ་བའི་སེམས་ཁྲལ་མི་ཚེའི་དཀའ་སྡུག་གི་ལམ་བུ་རིང་མོར་བསྟན་ནས་ཡོད་དོ།།

ལོ་ན་ཤིན་ཏུ་ཆུང་བའི་བདག་གི་བུ་མོ་ད་དུང་སློབ་ཆུང་འགྲིམ་པའི་སློབ་མ་ཡིན། ཁོ་མོས་རྒྱང་རིང་ཟེར་བ་མི་ཤེས་ཤིང་ལོག་ཕེབས་ཟེར་བ་དེ་བས་ཀྱང་མི་གོ། ནམ་རྒྱུན་ང་རང་ཕྱི་ལ་ཆས་དུས། རྐང་པའི་སྒྱིད་པར་འཁྱུད་ཅིང་། ང་ལ་མཁོ་བའི་རྩེད་ཆས་ཉོ་མི་ཡོང་ན། ངས་ཁྱོད་རང་འགྲོ་རུ་མི་འཇུག་ཅེས་གཅེས་འཆམ་དང་གཡེར་བག་དཀྲོལ་མཁས་པའི་ཁོ་མོ་ནི་ངའི་སྐྱེས་པ་སྔོན་མའི་སྙིང་གི་ཕྱེད་དེ་ཡིན་པའི་ལས་དབང་གི་འདུ་ཤེས་གསལ་དུ་བསྟན་ཡོང་བ་དང་འདྲ་ཞིང་།ངའི་ཚེ་རབས་ལས་ཀྱི་ལན་ཆགས་དང་མནར་གཅོད་ལ་བརྒྱུས་པའི་བདེ་སྐྱིད་ཀྱི་རྩ་བ་དང་ཡོངས་སུ་མཚུངས། ངས་སྐེད་པ་དམའ་རུ་བསྒུར་ནས་ཁོ་མོའི་མིག་ཟུང་བཀླགས་ཡོང་དུས། ཁོ་མོའི་མིག་ཟུང་ནི་གཡའ་དག་པའི་ནམ་མཁའ་མཐའ་མེད་ཅིག་དང་འདྲ་ཞིང་། དྲི་མེད་པའི་བྱིས་སྒྲུང་ནང་ལ་ཉི་འོད་དང་སྤྲིན་དཀར་ཁོ་ན་འཚེར་འདུག་པ་མཐོང་ཡོང་བ་འདྲ། དེ་ལྟ་བུའི་རྡུལ་དག་པའི་ཞིང་ཁམས་ན་རླངས་འཁོར་གྱི་འདུ་འཛི་དབེན་ཞིང་འཁོར་བགེགས་ཀྱི་མྱ་ངན་མེད། ཁོ་མོའི་མིག་ཟུང་ནི་འཇིག་རྟེན་གཞན་ཞིག་དང་འདྲ་སྟེ། ངས་རྨི་ལམ་གྱི་དག་གཙང་ཁྲོད་ལ་ཡུན་རིང་བཙལ་ཀྱང་དངོས་ཡོད་ཀྱི་ལྗན་ལྗིན་ཁྲོད་ནས་ཇི་སྲིད་བར་རྙེད་དུ་མེད་པའི་མཛེས་སྡུག་གི་ཞིང་ཁམས་ཤིག་ཡིན།ང་རང་ཕར་ལ་འགྲོ་དུས་ཀྱི་འཁྲེང་ཞེན་བཅོལ་ས་ཡིན་ལ།ང་རང་ཚུར་ལ་ཡོང་དུས་ཀྱི་རེ་སྙེག་འགེལ་སའང་ཡིན་པས། ང་རང་ནམ་རྒྱུན་ལམ་ལ་འགྲོ་དུས་ཁོ་མོ་ཡང་ཡང་དྲན་དོན་ཡང་དེ་དོན་ནོ།།

ཚོར་བའི་རྦ་རླབས་དྲག་ཏུ་འཕྱུར་བའི་མཚོ་མོའི་ངོགས་སུ། རང་ཉིད་ནི་གར་འགྲོ་གང་སྡོད་མེད་པའི་གཡོར་གྲུ་ཞིག་དང་འདྲ་ཞིང་།གང་དུ་ཨ་མ་ཡོད་ན་དེ་གར་རང་ཁྱིམ་ཡོད་པའི་སྐད་ཆའི་བརྩེ་དུང་གི་ཧྲག་བར་ནས་ཕར་ལ་ཡུན་གྱིས་བལྟས་ཚེ། ཨ་མ་ནི་ནང་སེམས་ཁེར་རྐྱང་གི་གླིང་ཕྲན་དུ་བཏབ་པའི་སེམས་ཀྱི་ལོག་མལ་ཞིག་ཏུ་འདོད་ཅིང་།ཆུང་མ་ནི་འཁོར་བའི་ཐབ་ཚང་གི་ཕྱོགས་སྟོན་འཁོར་ལོ་དང་འདྲ་ཞིང་།བུ་མོ་ནི་འཚོ་བའི་མུན་ངོགས་སུ་བསྒྲོན་པའི་རེ་བའི་འོད་སྣང་གསལ་ལེ་བ་ཞིག་སྟེ།ང་རང་གཙང་པོའི་ངོགས་དང་མཚོ་མོའི་ཀློང་དུ་བདེ་འཇགས་ཀྱིས་བགྲོད་དགོས་པའི་འགན་འཁྲི་དང་ཁག་ཁུར་ཡོད་དེ།བུད་མེད་དེ་གསུམ་གའི་སྙིང་དབུས་སུ་ཡལ་མེད་རྟག་བརྟན་དུ་ཡོད་པའི་རེ་བ་གློད་སའི་རྟེན་ཕུར་དང་མགོ་བོ་འཁེན་སའི་ཕྲག་པ།རྨི་ལམ་བཅོལ་སའི་མལ་ས་ལྟ་བུར་གྱུར་པས།བདག་གིས་ལྷ་ངོ་འཚོ་མི་ཐུབ་ཀྱང་མི་ངོ་འཚོལ་དགོས་པའི་འཚོ་བའི་འགན་འཁྲི་དང་གནས་ལུགས་བསྲུང་སྟེ་ལམ་ལ་དྲང་པོར་བསྐྱོད་དགོས་ཨང་།

(མཚོ་སྔོན་བོད་སྐད་རླུང་འཕྲིན་འཕྲིན་སྟེགས་ལས་བཤུས།)

中共阿坝州委机关报 阿坝州新闻传媒中心出版
阿坝州新闻传媒中心版权所有 未经书面授权 不得复制或建立镜像
  蜀ICP备05005001号-1  违法和不良信息、虚假新闻举报:0837-2828785

2026-11-04 ♦དཔལ་ལྡན་རྒྱ་མཚོ། 【ཀན་སུའུ】 4 4 阿坝日报藏文 c229989.html 1 ལམ། /enpproperty-->