མུན་པའི་ལྟེང་ཀ་བརྡོལ་བའི་ལྷིང་འཇགས་ཀྱི་མཚན་གཞུང་ཞིག་ལ། ཚོར་འདུའི་འགྱུར་བག་རྒོད་པའི་སྙིང་ཆུང་གི་འཕར་སྒྲ་དང་སྨྱུ་གུའི་རྩེ་མོ་ཤོག་ངོས་སུ་ཟགས་པའི་ཧྲག་སྒྲ། ཡིད་ཀྱི་སེམས་ཚོར་གློག་ཀླད་དུ་གཏག་པའི་ཐག་སྒྲ་སོགས་དང་བསྡོངས་ནས། དུག་སྦྲུལ་འཁྱུག་ཉལ་བྱེད་འདྲའི་མཚོ་བོད་མཐོ་སྒང་གི་གཞུང་ལམ་གྱི་འགག་གཟར་ཞིག་དང་། མཚམས་སྤྲིན་གྱི་མཛེས་སྡུག་བཏེགས་པའི་མི་ཕོ་ཞིག་གི་རྒྱབ་གཟུགས་ཁྲ་ཆིལ་ལེར་མིག་ལ་འཁོར་ཞིང་། འཆི་གསོན་གྱི་འགག་མཚམས་ནས་ལུས་མྱོང་བའི་རླངས་འཁོར་ཞིག་གི་བརྗེད་ཐོའང་དྲན་པས་བསྣམས་འོངས།
དེ་ཡང་། མཛུབ་མོ་ནང་དུ་བཀུག་སྟེ་རྩིས་པའི་བགྲང་བྱ་བཅུ་ཕྲག་ལྷག་གི་སྔ་རོལ་ཏུ།རླངས་འཁོར་དེ་ནི་ངའི་ཕ་ཡུལ་གྱི་སྤྱི་སྤྱོད་རླངས་འཁོར་ཉག་གཅིག་པུ་དེ་ཡིན་ལ། ཆུ་ཆེན་ཁ་ཡི་ཟམ་པ་ལྟར་ཕ་ཡུལ་དང་རྫོང་ཐོག་བར་གྱི་འགྲིམ་འགྲུལ་ཡོ་བྱད་གལ་ཆེ་ཤོས་དེ་རུ་གྱུར་ཡོད། ཉིས་སྟོང་བཅུ་གཅིག་ལོའི་དབྱར་གཞུང་ཞིག་ལ། ཡབ་ཆེན་དང་ངེད་གཉིས་འགྲུལ་བ་ཉི་ཤུ་ལྷག་ཡོད་པའི་རླངས་འཁོར་འདིར་བསྡད་དེ་ཕྱིར་ཕ་ཡུལ་དུ་ཆས་པ་ཡིན་ལ། འོག་ན་ཀླུ་ཆུའི་བཞུར་རྒྱུན་དྲག་ཀྱང་། སྟེང་ན་བགྲོད་ལམ་གྱི་ཁ་ཞེང་དོག་པའི་ལ་གཟར་ཞིག་ནས། རླངས་འཁོར་གྱི་ལྷུ་ལག་ལྕགས་པང་ལ་གློ་བུར་དུ་སྐྱོན་བྱུང་བས། རླངས་འཁོར་ཡང་ཁ་ཕྱོགས་བོར་བ་ལྟར་འོག་ཕྱོགས་ཀྱི་ཀླུ་ཆུའི་བཞུར་རྒྱུན་དུ་ཡོམ་ཞིང་། སྐུད་སྣེར་བསྲིངས་པའི་ལྕགས་རིལ་ཁབ་ལེན་རྡོ་ལ་འབྱར་བའི་ཚུལ་གྱི། གཡོན་ཕྱོགས་ཀྱི་འདུག་སྟེགས་སུ་ཡོད་པའི་འགྲུལ་བ་རྣམས་གཡས་ཕྱོགས་སུ་གསེག་ནས། ཀུ་ཅོ་འདོན་པའི་ངང་ཚུལ་དང་། ལག་ཟུང་དམ་པོར་འཇུས་པའི་ཨ་ཕའི་མིག་མདངས་སོགས་ལས། ཁོ་མོས་ཀྱང་ད་ནི་ལས་མཁན་ཨ་བ་གླང་མགོས་མདུན་བསུས་ཏེ། གཤིན་རྗེ་ཆོས་རྒྱལ་དང་ཞལ་མཇལ་གྱི་སྟ་གོན་བྱས་ནས་མིག་ཟུང་ཤེད་ཀྱིས་བཙུམས་ནའང་། ཕྱི་དྲོའི་མཚམས་སྤྲིན་གྱི་རང་མདངས་མིག་གི་ཁྲ་ཐིག་ཏུ་བབ་ཏེ་ཞེན་ཆགས་ཀྱི་མདའ་མོ་སེམས་ཀྱི་འབེན་ལ་ཕོག་པས། འཇིགས་སྐྲག་གི་ཚོར་བས་ལུས་སེམས་ཉོབ་ཉོབ་ཏུ་བཏང་། ཏག་ཏག་སྐད་ཅིག་མ་དེར། ཁ་ལོ་བའི་རྣམ་རིག་དང་གནད་དོན་ལ་འཕྲད་སྐབས་ཀྱི་ལྷོད་སེམས་ཀྱིས། འགྲུལ་བས་བྲེལ་འཚུབ་ཀྱི་ཀུ་ཅོ་སྒྲོག་པའི་བར་མཚམས་སུ། ཁོང་ཉིད་འཚུབ་ཆ་མ་ལངས་པར་རང་སེམས་རང་གིས་གསོས་ཏེ་འཁོར་བགེགས་ཤེད་ཀྱིས་བསྐོར་བས། རེ་ཞིག་རླངས་འཁོར་གྱི་ཁ་ཡར་ཕྱོགས་སུ་བསྒྱུར་ཐུབ་སོང་བ་དང་། ངེད་རླངས་འཁོར་གང་བོའི་ཚེ་སྲོག་ཅེས་པའི་དབྱངས་རྟ་འདིའི་རྒྱུན་མུ་ནས་མཐུད་པར་བྱས་བྱུང་བས། འགྲུལ་བ་གང་མང་ཞིག་གིས་ལྷ་ཟེར་བའི་བྱེད་པོ་ཞིག་གི་རམ་འདེགས་རེད་ཅེས་བཤད་པའི་སྐབས་སུ། དོན་གྱི་ལྷ་ནི་མིག་མདུན་ན་ཡོད་པའི་མཚམས་སྤྲིན་གྱི་མཛེས་སྡུག་བཏེགས་པའི་མི་ཕོ་འདི་སྟེ། འགྲུལ་བཞུད་ལམ་གྱི་འཆི་གསོན་གྱི་གནད་འགག་ལ་འགན་འཁུར་བའི་རླངས་འཁོར་གྱི་ཁ་ལོ་བ་འདི་ཉིད་ཡིན་པ་གཞི་ནས་བརྗེད་འདུག
མཚམས་སྤྲིན་གྱི་མཛེས་སྡུག་བཏེགས་པའི་མི་ཕོ་དེ་ལ། བཀའ་དྲིན་ཆེ་ཞེས་པའི་ཡིག་འབྲུ་འགའ་ཡི་བུ་ལོན་ཆད་པའི་མི་ལོ་འདི་དག་གི་རིང་ལ། འཆི་བདག་གི་འཇིགས་པ་ལས་ཐར་བའི་ང་རང་ཡང་ཁྱིམ་མི་ཚོའི་སྤར་ཁུག་ཀྱི་ཀ་ར་ལ་ཞེ་འཁྲེང་བའི་བྱིས་པ་ཞིག་ནས། སྨྱུ་གུའི་སྟངས་སྟབས་བསྒྱུར་བར་དགའ་བའི་སློབ་ཆེན་སློབ་མ་ཞིག་ཏུ་སོན་ཞིང་། ཀ་ཁའི་ཡིག་ངོ་མི་ཆོད་པའི་ཁྱིམ་མི་དང་སྡེ་བའི་ཁ་ལོ་བ་ཚོར་འགྲུལ་བཞུད་ལམ་སྟོན་ལེ་ཚན་ལ་རྒྱུན་དུ་བལྟ་རྒྱུར་སྐུལ་མ་བྱས་པ་ཡིན་ལ། མཚམས་སྤྲིན་གྱི་མཛེས་སྡུག་བཏེགས་པའི་མི་ཕོ་དེ་ཉིད་མཚོན་དཔེ་རུ་བྱས་ཏེ། འགྲུལ་བཞུད་ཀྱི་ལམ་ཁར་བྲེལ་འཚུབ་མེད་པའི་ལྷོད་སེམས་ཀྱི་གལ་ཆེའི་རང་བཞིན་ཡང་ཡང་གླེང་མྱོང་།
མདོར་ན། འགྲིམ་འགྲུལ་བདེ་འཇགས་ནི་དོན་རྐྱེན་དང་ཆག་སྒོའི་ཤུགས་ནས་བརྗོད་ཆོག་ལ། འཇིགས་སྐྲག་རྗེས་ཀྱི་བདེ་འཇགས་ནང་ནས་གླེང་ཆོག་པའང་བསྙོན་མེད་དུ་འདོད་དེ། ཆག་སྒོ་ནི་དུས་ཆད་དང་ངེས་གཏན་མེད་པའི་གཟུགས་མེད་ཀྱི་འགོང་བོ་ཞིག་ཡིན་རྐྱེན། ཆང་རག་གི་སྤྱོད་པ་དང་བྲལ་ཞིང་། གློག་ལྗང་གློག་དམར་གྱི་མཚོན་བྱེད་དུ་གྱུར་བའི་འགྲིམ་འགྲུལ་རྩ་དོན་དེ་དག་བརྩི་སྲུང་བྱ་རྒྱུ་སྔོན་འགྲོ་རུ་བསྐྱེད་པའི་མོད་ལ། གནད་དོན་ལ་འཕྲད་སྐབས་སུ་འཚུབ་ཆ་མེད་པའི་ལྷོད་སེམས་ཤིག་ཡོད་དགོས་པའང་གཙོ་གནད་དུ་འདོད་དོ།།



