数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第02版:阿坝日报

མཐོ་སྒང་སྲད་སེར་རིན་ཐང་ཆེ།། ཐད་གཏོང་བརྟེན་ནས་ཕྱིར་འཚོང་བྱེད།།

——ཟུང་ཆུ་རྫོང་གི་དྲྭ་ལམ་ཐད་གཏོང་བ་ཨ་མོའི་ཡོང་འབབ་བཙལ་བའི་གནས་ཚུལ་བཀོད་པ།

ཟུང་ཆུ་རྫོང་གི་དྲྭ་ལམ་ཐད་གཏོང་བ་མིང་ལ་ཨ་མོ་ཟེར་བས་དྲ་བའི་སྟེགས་བུར་བརྟེན་ནས་ཐད་གཏོང་གི་ལམ་ནས་ཐོན་རྫས་ཕྱིར་འཚོང་གི་བྱ་བ་སྒྲུབ་བཞིན་ཡོད། མོས་རང་ས་རང་ཡུལ་ནས་ཐོན་པའི་མཐོ་སྒང་གི་ཞིང་ལས་ཐོན་རྫས་ངོ་སྤྲོད་བྱས་ཏེ། དེ་དག་ཕྱིར་འཚོང་བྱ་བའི་ལམ་བུ་རྒྱ་བསྐྱེད་བཏང་། མོས་རང་གི་ཁྱིམ་མི་རྣམས་ཁྲིད་ནས་ས་ཆ་མང་པོར་ཀྲུང་ལུགས་ཀྱི་སྨན་རྒྱུ་ཉོ་བསྡུ་བྱས་ནས་ས་གནས་རང་གི་བུད་མེད་རྣམས་རང་ས་ནས་ལས་གླ་བྱེད་ཆོག་པ་དང་ཡོང་འབབ་འཚོལ་ཆོག་པར་སྣེ་ཁྲིད་བྱས།

ཨ་མོའི་སྟབས་བདེ་བའི་ལས་སྣོན་བྱ་ཡུལ་དུ་སོང་ན། སྨན་གྱི་དྲི་བསུང་ཞིམ་པོ་སྣ་བར་འཐུལ་ཡོང་ལ། ལས་ཀ་བ་རྣམས་ལས་བགོས་ཆེ་བའི་ངང་ལས་ཀར་ཞུགས་ཡོད། ཉི་མར་སྐེམ་པ་དང་དབྱེ་བསལ་བྱེད་པ། གཅོད་གཏུབ་བྱེད་པ། ཚགས་སྒྲིག་བྱེད་པ་སོགས་ལས་རིམ་ཤིན་ཏུ་མང་ཡང་། ས་གནས་དེ་གའི་བུད་མེད་30ལྷག་གིས་གོ་རིམ་མ་འཆོལ་བའི་ངང་སྲད་སེར་ལས་སྣོན་བྱེད་བཞིན་ཡོད་དེ། མུ་མཐུད་སྐུད་ལམ་ནས་ཕྱིར་འཚོང་བྱེད་པར་གྲ་སྒྲིག་གང་ལེགས་བྱེད་བཞིན་མཆིས།

ད་ལོའི་ཟླ་9པ་ནས་བཟུང་། ཨ་མོ་ཚང་བཟའ་མི་བཞི་པོས་རླངས་འཁོར་བསྐོར་ནས་རྔ་བ་ཁུལ་དང་དཀར་མཛེས་ཁུལ། ཀན་སུའུ་སོགས་སུ་སོང་སྟེ། རོང་འབྲོག་པའི་ཁྱིམ་ཚང་མང་པོའི་ལག་ནས་མཐོ་སྒང་གི་སྲད་སེར་འབོར་ཆེན་ཉོས།

ཨ་མོ་ནི་ཟུང་ཆུ་རྫོང་གི་དྲྭ་ལམ་ཐད་གཏོང་བ་ཅུང་སྐད་གྲགས་ཡོད་པ་ཞིག་ཡིན་པས། མོས་རང་ཡུལ་ལ་གཞི་རྐང་བཙུགས་ནས་བརྙན་མིག་གི་ལམ་ནས་མཐོ་སྒང་གི་ཡུལ་སྲོལ་དང་མི་ཆོས་ཀྱི་དཔལ་ཡོན་སྟོན་པ་དང་ཐད་གཏོང་གི་ལམ་ནས་མཐོ་སྒང་གི་ཞིང་ལས་ཐོན་རྫས་ཕྱིར་འཚོང་བྱས། བློ་དཀར་གཞུང་དྲང་གི་ཐད་གཏོང་གི་སྤྱོད་ཚུལ་ལ་བརྟེན་པས་མོ་ལ་ཞེན་མི་མང་པོ་ཡོད་ཁར་སྐུད་ལམ་ནས་དན་ཐོ་འཇོག་མཁན་མུ་མཐུད་ཇེ་མང་དུ་ཕྱིན་ཡོད། སྲད་སེར་ལས་སྣོན་དང་ཕྱིར་འཚོང་བྱེད་པའི་དུས་སྐབས་ཆེས་བཟང་ཤོས་དེར་སླེབས་པས། ཨ་མོས་རང་གི་ཁ་རྩ་ཐག་ཉེ་ནས་བུད་མེད་30ལྷག་ལས་སྣོན་བྱ་ཡུལ་དུ་གླས་ཡོད་པ་དང་། དེ་དག་ལ་རང་གི་སྒོ་དྲུང་ནས་ལས་ཀ་དང་ཞོར་ལས་རྙེད་ཐུབ་པར་བྱས།

མཐོ་སྒང་གི་སྲད་སེར་གྱི་སྤུས་ཀ་ཤིན་ཏུ་བཟང་ནའང་། སྔོན་ཆད།ཕྱིར་འཚོང་གི་ལམ་བུ་དོག་པ་དང་རིན་གོང་དམའ་དྲགས་པའི་གནས་ཚུལ་དང་ཕྲད་ཡོད། ད་ལྟ་གློག་རྡུལ་ཐད་གཏོང་གི་ཐབས་ལ་བརྟེན་པས། ཨ་མོས་མཐོ་སྒང་གི་ཀྲུང་ལུགས་ཀྱི་སྨན་རྒྱུ་རྣམས་རྒྱལ་ཡོངས་ཀྱི་ས་ཆ་སོ་སོར་འོས་སྦྱོར་བྱས་ཏེ། ཞིང་བ་དག་གི་ཕྱིར་འཚོང་གི་ལམ་བུ་རྒྱ་བསྐྱེད་པའི་ཁར། ལས་སྣོན་སྣ་ཚོགས་ཀྱི་ཐབས་ལ་བརྟེན་ནས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཡང་གོང་དུ་སྤར་བ་དང་ཆབས་ཅིག་ཏུ། ས་གནས་རང་གི་མང་ཚོགས་ལ་ལས་ཀ་ཡོད་པར་བྱས་པས། ངོ་མ་མདའ་གཅིག་གིས་ཤ་མོ་གཉིས་སོད་པའི་དཔེ་ལྟ་བུ་ཡིན།

རྗེས་མར། ཨ་མོ་མུ་མཐུད་གློག་རྡུལ་ཚོང་དོན་གྱི་ལས་ཀར་ཞུགས་པའི་འཆར་གཞི་འཐེན་ཡོད་པ་དང་། རྔ་བ་ཁུལ་དང་མཐའ་སྐོར་ས་ཁུལ་གྱི་སྤུས་ཀ་ལེགས་པའི་མཐོ་སྒང་གི་ཞིང་ལས་ཐོན་རྫས་དང་ཀྲུང་ལུགས་སྨན་རྒྱུ་སྔོག་འདོན་བྱས་ཏེ། ཐད་གཏོང་ནང་གི་ཚོང་རྫས་ཕུན་སུམ་ཇེ་ཚོགས་སུ་གཏོང་འཆར་འདུག་ལ། དེ་ལ་བརྟེན་ནས་ཡུལ་མི་སྔར་བས་མང་པོར་ཡོང་འབབ་འཚོལ་བ་དང་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པ། མཐོ་སྒང་གི་མ་བཅོས་པའི་ཐོན་རྫས་དག་རང་ཡུལ་ནས་བརྒལ་ཏེ།རྒྱལ་ཡོངས་སུ་འཚོང་ཐུབ་པར་བྱེད་འཆར་འདུག་གོ།

(གསར་འགོད་པ།ཚུལ་ཁྲིམས་རྡོ་རྗེ།)

中共阿坝州委机关报 阿坝州新闻传媒中心出版
阿坝州新闻传媒中心版权所有 未经书面授权 不得复制或建立镜像
  蜀ICP备05005001号-1  违法和不良信息、虚假新闻举报:0837-2828785

2026-11-13 ——ཟུང་ཆུ་རྫོང་གི་དྲྭ་ལམ་ཐད་གཏོང་བ་ཨ་མོའི་ཡོང་འབབ་བཙལ་བའི་གནས་ཚུལ་བཀོད་པ། 4 4 阿坝日报藏文 c230123.html 1 མཐོ་སྒང་སྲད་སེར་རིན་ཐང་ཆེ།། ཐད་གཏོང་བརྟེན་ནས་ཕྱིར་འཚོང་བྱེད།། /enpproperty-->