ངེད་གསར་འགྱུར་གྱི་གསར་བཀོད། ཉེ་ཆར། ཧུང་ཡོན་རྫོང་གིས་མེ་གསོད་དྲིལ་སྒྲོག་ཟླ་བའི་མགོ་ཚུགས་བྱེད་སྒོ་དང་དགོན་སྡེ་ཁག་གི་མེ་གསོད་རྩལ་ནུས་འགྲན་བསྡུར་སྐབས་དང་བོ་རྫོང་མེ་གསོད་རུ་ཆེན་དུ་སྤེལ།
འགྲན་བསྡུར་བྱ་ཡུལ་དུ་དགེ་འདུན་པ་རྣམས་ཀྱིས་ཐོག་མར་རིམ་པ་བཞིན་ལག་ལེན་དངོས་ཀྱི་སྟེང་ནས་མེ་སྐྱོན་གྱི་ཉེན་ཁ་རྒྱུན་ལྡན་ཞིབ་བཤེར་དང་། ཕྱེ་སྐམ་མེ་གསོད་ཆས། མེ་གསོད་ཆུ་སྦུག་སོགས་རྒྱུན་སྤྱོད་ཡོ་བྱད་ཚད་ལྡན་ངང་བཀོལ་སྤྱོད་བྱེད་སྟངས་དང་། ཐོག་མའི་དུས་སུ་མེ་སྐྱོན་མྱུར་དུ་ཐག་གཅོད་བྱེད་སྟངས། མི་སྣ་འཕྲལ་མར་བྲོས་བྱོལ་བྱེད་ཐབས་སོགས་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་སྦྱོང་བརྡར་བྱས་ཤིང་། དེ་རྗེས་ཚན་ཁག་བགོས་ནས་ལས་རྣམ་མྱུར་ཞིང་མཉམ་ལས་ལེགས་པོ་བྱས་ཏེ། ཛ་དྲག་གི་རྩལ་ནུས་འགྲན་བསྡུར་བརྒྱུད་ནས་ཞན་ཆ་ཁ་གསབ་དང་བདེ་འཇགས་ཤེས་བྱ་བློ་ལ་བརྟན་པོར་ངེས་སུ་བཅུག་ཡོད། དུས་མཚུངས་སུ། ཧུང་ཡོན་རྫོང་གི་འབྲེལ་ཡོད་ལས་ཁུངས་དང་གྲོང་རྡལ་གྱི་ལས་བྱེད་མི་སྣ། རྫོང་མཁར་སློབ་ཆུང་གི་སློབ་མ་བཅས་མེ་གསོད་དྲིལ་སྒྲོག་ཟླ་བའི་བདེ་འཇགས་ཤེས་བྱ་གསོ་སྦྱོང་ཁྲོད་མཉམ་ཞུགས་བྱས་ཡོད་པ་དང་། ཡུལ་དངོས་ནས་མེ་གསོད་ཡོ་བྱད་སྣ་ཚོགས་ཇི་ལྟར་བཀོལ་ཚུལ་དང་། མེ་སྐྱོན་བྱུང་སྐབས་ཉེན་ཡོལ་བྱ་ཐབས་སོགས་སྦྱོང་བརྡར་ལེགས་པོ་བྱས་པ་རེད།
རྒྱུས་ལོན་པ་ལྟར་ན། ཐེངས་དེའི་གསོ་སྦྱོང་དུ་རྫོང་ཡོངས་ཀྱི་དགོན་པ་བཅུ་ཡི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་ཀྲུའུ་རེན་གཞོན་པ། ཁོངས་མི། གྲྭ་གཞོན་སོགས་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་60ཙམ་དང་། རྫོང་མཁར་སློབ་ཆུང་གི་སློབ་མ་དང་འབྲེལ་ཡོད་སྡེ་ཁག་གི་ལས་བྱེད་པ་བཅས་མཉམ་ཞུགས་བྱས་ཡོད།
(འཕྲིན་སྤེལ་བ། བླ་མ་ཚེ་བརྟན།)



