数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第03版:阿坝日报

དགུན་ཆུང་མེ་ཏོག

♦གངས་ཆབ་ལྷ་སྲས། 【དཀར་མཛེས】

མཐོང་གསལ་བཞིན། རྔམ་བརྗིད་ཀྱི་རི་སྐེད་དུ་གནས་པའི་ལྗོན་འདབས་རེ་རེར་སེར་ཐིགས་བབས་ཤིང་། ཞོགས་པའི་ཉི་འོད་ཀྱིས་དྲོད་སྣང་ཕྱོགས་ཀུན་གཏོར་བཞིན་འཚེར།ཡངས་བའི་ས་ཆེན་གྱི་ཁམས་འདིར་བྱིལ་བྱིལ་ལན་གཅིག་བྱས།ནམ་ཟླའི་འགྱུར་བག་གིས་བསྐྱེད་པའི་དུས་ཚིགས་འདི་ཇེ་འཁྱག་ཏུ་འགྲོ་མགོར་བརྩམས། དེ་ལྟར་སེམས་ནང་གི་མུན་པ་ཡལ་བའི་བར་སྐབས་ཤིག་ཏུ། སྒེའུ་ཁུང་འགྲམ་གྱི་སྡོང་ལོ་དག་རླུང་བུས་གང་སར་སྤུར་ཞིང་རྒྱང་རིང་དུ་ཁུར།ཡིད་གར་བཞད་པའི་མཛེས་སྡུག་གི་ནམ་ཟླ་ཞིག་དེ་དང་ལྷན་དུ་རྒྱང་དུ་བཞུད་པར་བྱས།བློས་གཏོང་མི་ཐུབ་པའི་མེ་ཏོག་གི་ལང་ཚོའི་གཟི་དཔལ་མཐོང་ལམ་ནས་གཏན་བྲལ་བྱས་ཤིང་གསེར་མདོག་གིས་བྱུག་པའི་ཉམས་སྣང་བསྟན་བྱུང་། སྡོང་པོ་རེ་རེའི་སྟེང་གི་ལོ་མའི་ཆ་ཤས་རེ་རེ་སེར་པོར་གྱུར་ཞིང་གུད་པའི་ཉམས་ཀྱིས་ས་རུ་འཐོར་བྱུང་།མིའི་ཚོར་གཤིས་དེ་དང་ཆ་མཚུངས་པ་བཞིན་སྐྱོ་སྣང་དང་བཅས་ཇེ་གཉོམ་དུ་ཕྱིན་སོང་།ཐལ་རྡུལ་གྱིས་གཡོག་པའི་འཇིག་རྟེན་ཞིག་གི་རང་སྣང་བསྟན་བྱུང་།དེ་ལྟར་ངེས་མེད་ཀྱི་གྲུ་ག་རེ་རེའི་མཚར་སྡུག་གློ་རྡེག་ཏུ་རྨི་ལམ་བཞིན་མཚན་ཐུན་གཅིག་གི་མྱོང་བྱ་ཁོ་ནར་གྲུབ།

ད་ནི་དགུན་གྱི་ཟླ་བ་བསླེབས་སོང་། དགུན་མགོ་མའི་རང་བྱུང་གི་གནམ་གཤིས་འདིས།ང་རང་རང་དབང་མེད་པའི་ངང་ཕ་ཡུལ་དྲན་དུ་བཅུག་ལ། གྲང་ངར་ཆེ་བའི་ཕ་ཡུལ་གྱི་ནམ་ཟླ་ཡིད་ལ་འཆར་དུ་བཅུག་སོང་། ད་ནི་ཉིན་རེ་བཞིན་ཙག་ཁ་ཇེ་རྒོད་དང་ཉེ་འགྲམ་གྱི་ཆུ་ཀླུང་དག་གི་ཆུ་སྒྲ་ཇེ་ཞན་དུ་འགྲོ་བཞིན་ཡོད་པའི་ཚོད་ཅིག་སླེབས་འདུག དུས་ཚིགས་འདིར་ཁ་བའི་ཚོགས་ཀྱིས་ལྷ་ཡུལ་ནས་དྭངས་གཙང་གི་གངས་ཆབ་བཞུས་ཏེ་ས་རུ་བསྟིམ་སྲིད་ལ། འཇམ་མཉེན་ལྡན་པའི་ཁ་བའི་མེ་ཏོག་རེ་རེ་ས་ནས་འབུས་ཏེ་ལྡེམ་འཁྱུག་བྱེད་སྲིད། ཡང་ན།མ་དག་པའི་ས་སྒང་གི་སྤྱི་གཙུག་ཧྲིལ་བོ་ཁ་བའི་འདབ་མས་ཆག་ཆག་གནང་ངེས།ངས་དེ་ལྟར་ཞིབ་རྩིས་བྱེད་བཞིན་སླར་ཡང་དགུན་ཟླ་རིང་མོ་བསྐྱལ་བར་སྟ་གོན་བྱས། དགུན་ཟླ་ནི་གྱེས་བྲལ་མོད་པའི་དུས་ཚིགས་ཤིག་ཡིན་ཞིང་། འཁྱག་རླུང་གི་བསྡམས་པའི་དགོང་སྲོད་རེ་རེ་ཁེར་རྐྱང་གིས་བསྐྱལ་དགོས་པའི་ནམ་ཟླ་ཞིག་ཡིན།དགུན་ཟླ་ནི་འདུ་བྲལ་ཆེ་བའི་དུས་ཚིགས་ཤིག་ཡིན་ཞིང་།ཙག་རླུང་རབ་ཁ་བརྒལ་དུས་མི་ཚང་མས་རང་རང་གི་ནང་སེམས་ཕྱིར་མངོན་མི་ཐུབ་པའི་ནམ་ཟླ་ཞིག་ཡིན། དགུན་ཟླ་ནི་འགྲུལ་བཞུད་མང་བའི་དུས་ཚིགས་ཤིག་ཡིན་ཞིང་། ཕན་ཚུན་འཕྲད་ཙམ་གྱིས་བཅོས་འཛུམ་རེ་སྟོན་བཞིན་འཚོ་དགོས་པའི་ནམ་ཟླ་ཞིག་ཡིན། དགུན་ཟླ་ནི་སྙིང་བོ་མེད་པའི་དུས་ཚིགས་ཤིག་ཡིན་ཞིང་། རྟག་བརྟན་མེད་པའི་བརྩེ་དུང་གིས་ཡང་ཡང་ས་རུ་འགྱེལ་དུ་འཇུག་ངེས་པའི་ནམ་ཟླ་ཞིག་ཡིན།དགུན་ཟླ་ནི་སྙན་ངག་གི་སྒར་ཁ་ཚོར་བས་བཟུང་བའི་དུས་ཚིགས་ཤིག་ཡིན་ཞིང་། སྙན་ངག་པ་ཚོས་དགའ་སྐྱོ་ཆགས་སྡང་གི་རང་གཟུགས་བདག་མི་ཐུབ་པའི་ནམ་ཟླ་ཞིག་ཡིན། དགུན་ཟླ་ནི་ཤིན་ཏུ་འཁྱག་པའི་དུས་ཚིགས་ཤིག་ཡིན་ཞིང་། མི་དག་གིས་བདེ་སྐྱིད་ཀྱི་དྲོད་འཇམ་འཚོལ་བའི་ནམ་ཟླ་ཞིག་ཀྱང་ཡིན་ནོ།།

中共阿坝州委机关报 阿坝州新闻传媒中心出版
阿坝州新闻传媒中心版权所有 未经书面授权 不得复制或建立镜像
  蜀ICP备05005001号-1  违法和不良信息、虚假新闻举报:0837-2828785

2026-11-13 ♦གངས་ཆབ་ལྷ་སྲས། 【དཀར་མཛེས】 4 4 阿坝日报藏文 c230129.html 1 དགུན་ཆུང་མེ་ཏོག /enpproperty-->