数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第03版:阿坝日报

ང་ལ་རྨི་ལམ་ཞིག་ཡོད།

♦ཨ་བཙུན་གཡུང་དྲུང་བཀྲ་ཤིས། 【དཀར་མཛེས】

ང་ནི་དངོས་གནས་རླུང་ཁའི་ཁུར་མོང་བཞིན་སྐབས་རེར་རང་ཚུགས་དང་བརྟན་བརླིང་མེད་པའི་མི་ཞིག་ཡིན་པར་ཚོར།ཉེ་འགྲམ་སྣང་བརྙན་གྱི་དགའ་ཚལ་དུ་འདྲེན་བྱེད་མིག་ཟུང་གི་འཕུར་གར་རྩེན་ཐེངས་རེར་དེ་དང་འབྲལ་མི་འདོད་པའི་སེམས་ཁམས་ཤིག་ཀུན་ནས་བརྟས་པས།གཟུགས་མེད་ཐ་ཚིག་གི་རི་མོ་དེ་དག་ཀྱང་རབ་རིབ་མག་མོག་ཏུ་གྱུར་ནས།ཉིན་གཅིག་གི་ལས་ཀྱི་སྣེ་མོ་བོར་ཏེ།བྱིས་པ་རྩེད་རྒོད་ཅན་གྱི་འདུ་ཤེས་ལྟར་དམིགས་ཡུལ་དང་འཆར་གཞི་མེད་པ།དུས་ཚོད་ཀྱི་རླབས་ཕྲེང་རེ་རེ་ཆོ་མེད་པ་མཚོ་ཁར་སྐྱོམ་བཞིན་ཡོད་པ་དང་ཅི་ཡང་མཚུངས།དེ་འདྲའི་བྱ་བ་འདས་ཟིན་པའི་ལོ་ཟླའི་ཁྲོད་མང་པོར་བྱུང་མྱོང་བས།ད་ཆ་ལྷིང་འཇགས་ཀྱི་ཁོར་ཡུག་ཅིག་ནས་ཕྱིར་དྲན་གྱི་སྒེའུ་ཁུང་ལས་བལྟས་པའི་ཚེ།འགྱོད་གདུང་མང་པོ་ཞིག་སོས་ཀའི་ཁ་བ་བཞིན་ཡིད་ཀྱི་ས་འཛིན་ཡང་ཡང་བརླན་པར་བྱས།

ད་ནི་བཅུ་ཕྲག་གསུམ་གྱི་བགྲང་བྱའི་ཁུར་དུ་ལྕི་བའི་མི་ཚེའི་བང་རིམ་མཐོན་པོར་བསྙེགས་ཟིན་པས།ངས་སྔོན་ཆད་ཀྱི་ཐ་ཚིག་རྡོ་ལ་རི་མོ་བརྐོས་པ་ལྟར་ལོ་ཟླ་དང་ཆར་ཆུས་ཇི་ལྟར་གཙེས་ཀྱང་འཇིག་པར་མེད་པ་སེམས་ལ་ཉར་ཅི་ཐུབ་བྱས་ལ། ཞོགས་པའི་སྐྱ་རེངས་ཀྱི་འཛུམ་མདངས་དང་འགྲོགས་ཏེ་ཤེས་རིག་གི་དགའ་ཚལ་ཞིག་ནས་སློབ་སྦྱོང་གི་ཐེམ་སྐས་རེ་རེ་བཞིན་རྒལ་གྱིན་ཡོད།ལན་རེ་ངས་བསམ་གཞིགས་ཀྱི་མདའ་མོ་རང་ཕྱོགས་སུ་སྐོར་ཚེ།རང་ཉིད་རིག་གནས་འདི་དང་འདི་ལ་བྱང་ཆ་ཡོད་སྙམ་པའི་ཁ་ཕྱོགས་ཙམ་ཡང་རྙེད་པར་དཀའ་མོད།ཡིན་ཡང་ད་དུང་སློབ་སྦྱོང་ལ་དགའ་བ་མ་ལྷོད་པ་ནི།ནར་སོན་པའི་རྒྱུད་རིམ་ཁྲོད་སློབ་སྦྱོང་གི་ཁོར་ཡུག་བཟང་པོ་ཞིག་འགྲིམ་པའི་བག་ཆགས་ཀྱིས་ཀུན་ནས་བསླངས་པ་རེད་སྙམ།དུས་ཚོད་རེ་རེ་གསེར་ལྟར་དཀོན་པའི་ངེས་ཤེས་མ་སྐྱེས་ཀྱང་།ཕ་མའི་གནང་བའི་མིག་སྔར་གྱི་དུས་ཚོད་རེ་རེ་ལ་དམ་འཛིན་དང་གཅེས་སྤྲས་ཀྱི་འདུ་ཤེས་བརྟན་པར་ཅིས་ཀྱང་འབད་པར་ལྷུར་ལེན་བྱས་ཤིང་།རྗེས་ནས་འགྱོད་གདུང་དང་ཕོངས་སེམས་མེད་པའི་མི་ཚེའི་རྒྱུད་རིམ་ཞིག་ད་ནས་བརྟུན་པར་བསྐྱེད་དགོས།ངས་ནམ་ཡང་འབད་བརྩོན་ནི་གུ་དོག་པའི་བསམ་བློའི་ཁྱབ་ཁོངས་རྒྱ་ཇེ་ཆེར་བཏང་ནས་ལེགས་ཉེས་ཀྱི་རྣམ་གཞག་ལ་མ་རྨོངས་ཤིང་།ཐོས་བསམ་ལག་ལེན་བསྟར་ནས་ནང་བསམ་པའི་དཔལ་ཡོན་ཕུན་ཚོགས་སུ་གཏོང་འདོད་པའི་ཆེད་དུ་ཡིན་པ་ལས།འགྲན་རྩོད་དང་ཕྲག་དོག་གིས་ཀུན་ནས་བསླངས་ཏེ་སྙན་གྲགས་དང་བསྙེན་བཀུར་དོན་དུ་གཉེར་བ་འགྱུར་མི་རིགས་སོ།།

中共阿坝州委机关报 阿坝州新闻传媒中心出版
阿坝州新闻传媒中心版权所有 未经书面授权 不得复制或建立镜像
  蜀ICP备05005001号-1  违法和不良信息、虚假新闻举报:0837-2828785

2026-11-13 ♦ཨ་བཙུན་གཡུང་དྲུང་བཀྲ་ཤིས། 【དཀར་མཛེས】 4 4 阿坝日报藏文 c230128.html 1 ང་ལ་རྨི་ལམ་ཞིག་ཡོད། /enpproperty-->