ངེད་གསར་འགྱུར་གྱི་གསར་བཀོད།དགུན་ཁ་སླེབས་པ་ནས་བཟུང་།འབར་ཁམས་གྲོང་ཁྱེར་དུ་ཆུ་ཆུང་བའི་དུས་སུ་སླེབས་པ་དང་།ཆུའི་བཞུར་ཚད་དལ་དུ་ཕྱིན་པ་དང་།ཆུ་ཁ་དམའ་རུ་ཕྱིན་པ།ཆུའི་རྒྱུག་ཤུགས་ཆུང་དུ་ཕྱིན་པ།ཆུ་རྒྱུད་དུ་ཕུང་གསོག་ཐེབས་པ་སོགས་ཀྱི་རྐྱེན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་མཁོ་འདོན་གྱི་གནོན་ཤུགས་ཆེ་རུ་ཕྱིན་ཡོད། དམངས་འཚོ་འགན་ལེན་གྱི་མ་མཐའི་མཚམས་ཐིག་བརྟན་སྲུང་ཏན་ཏིག་བྱས་ནས་དགུན་དུས་ཀྱི་ཐོན་སྐྱེད་དང་འཚོ་བར་ཆུ་སྤྱོད་པའི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་ཆེད།ཉེ་ཆར།འབར་ཁམས་གྲོང་ཁྱེར་ཆུ་མཁོ་འདོན་ཀུང་སིས་ཆུ་ཁུངས་དང་ཆུ་མགོར་ཆེད་དོན་བཅོས་སྒྲིག་ལས་དོན་སྤེལ་ནས་ཆུ་ཆུང་སྐབས་ཀྱི་ཆུ་མཁོ་འདོན་གྱི་ཞན་ཆ་ཁྱོན་ཡོངས་ནས་གསབ།
ཆུ་ཆུང་བའི་དུས་སུ་ཆུ་ལེན་པའི་ཆུ་གནས་མི་འདང་བ་དང་ཆུ་རྒྱུན་ཟང་ཟིང་དུ་གྱུར་པ་སོགས་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས།གྲོང་ཁྱེར་ཆུ་མཁོ་འདོན་ཀུང་སིས་གནད་སྨིན་ཇུས་འདོན་དང་དམིགས་ས་གནད་སྒྲོལ་གྱིས་འཕྲུལ་ཆས་སྒྲིག་ཆས་ཆེ་གྲས་ཚན་རིག་དང་མཐུན་པར་བཀོད་སྒྲིག་བྱས་ཏེ།ཆེད་ལས་ཀྱི་ལས་དོན་མི་སྣ་10རྩ་འཛུགས་བྱས་ནས་གྲོང་ཁུལ་གྱི་ཆུ་ལེན་ས་དང་ཅོག་ཙེའི་ཆུ་ལེན་ས་ཚིགས་སུ་གོམ་སྟབས་གཅིག་མཚུངས་ངང་ཆུ་རྒྱུད་བཤངས་པ་དང་ཆུ་ལེན་པའི་སྒྲིག་ཆས་གཙང་སེལ་བདག་སྐྱོང་གི་ཆེད་དོན་མཁོ་སྤྲོད་འགན་ལེན་ལས་དོན་སྤེལ། ཆུ་རྒྱུད་སྒྱུར་བཀོད་ལས་གྲྭ་ལག་བསྟར་བྱས་པ་བརྒྱུད་ཆུ་རྒྱུད་ལུགས་མཐུན་ངང་བཤངས་ནས་ཆུ་གསོག་རྒྱུ་དེ་སྤྱོད་དམིགས་ཆུ་གནས་སུ་འགྱུར་བ་བྱས་ཏེ་ཆུ་འདྲེན་ཁུལ་གཙོ་བོའི་ཆུ་འདྲེན་ཆ་རྐྱེན་ནུས་ལྡན་དུ་གཏོང་བ་དང་ཆུ་ཆུང་བའི་དུས་ཀྱི་ཆུ་ལེན་པའི་དཀའ་ངལ་རྩ་བ་ནས་བསལ་ཏེ་དགུན་དུས་ཆུ་མགོར་ཆུ་ལེན་ཐུབ་པར་ཁག་ཐེག་བྱས།
དམངས་འཚོ་ནི་ཤིན་ཏུ་གལ་ཆེན་ཡིན་ལ་ཆུ་མཁོ་འདོན་ནི་མཐའ་ཚད་ཡིན། རྗེས་མར་འབར་ཁམས་གྲོང་ཁྱེར་ཆུ་མཁོ་འདོན་ཀུང་སིས་དགུན་དུས་ཀྱི་ཆུའི་གནས་ཚུལ་ལ་མུ་མཐུད་དམ་འཛིན་བྱེད་པ་དང་།ཆུ་ཁུངས་ཁུལ་ལ་སྐོར་ཞིབ་དང་།ཆུ་རྒྱུད་བདག་སྐྱོང་།སྒྲིག་བཀོད་སྐྱེལ་འདྲེན་སྲུང་སྐྱོང་སོགས་ཀྱི་ལས་དོན་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་བ་དང་།ཆུ་ཆུང་བའི་དུས་ཀྱི་ཆུ་མཁོ་འདོན་གྱི་བཀོད་གཏོང་ཇུས་གཞི་མུ་མཐུད་ལེགས་སུ་གཏོང་རྒྱུ།ཆུའི་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་དང་།མངོན་མེད་རྐྱེན་ངན་གྲལ་བཤེར།མཁོ་བསྟུན་འགན་ལེན་སོགས་ཀྱི་འགག་རྩའི་གོ་རིམ་ལ་དམ་འཛིན་ནན་མོ་བཅས་བྱས་ཏེ།དམངས་འཚོའི་ཞབས་ཞུར་བརྟེན་ནས་དགུན་དུས་ཆུ་མཁོ་འདོན་གྱི་བདེ་འཇགས་སྲུང་ཡོལ་བརྟན་པོར་བསྐྲུན་ནས་མང་ཚོགས་ཀྱི་ཆུ་སྤྱོད་པའི་ཕན་བདེ་སྲུང་སྐྱོང་ཏན་ཏིག་བྱ་རྒྱུའོ།།
(ཚེ་དཔག་ལྷ་མོས་བསྒྱུར།)



