数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第04版:阿坝日报

ཁྱེད་ཀྱིས་དགུན་ཁར་ནད་མི་འབྱུང་ བའི་གསང་བ་འདི་དག་ཤེས་སམ།

དགུན་ཚུགས་ཀྱི་ལུས་གསོ།

དགུན་ཚུགས་པ་དང་ལྷན་དུ་ཕྱི་རོལ་གྱི་གྲང་ངར་ཆེ་རུ་འགྲོ་ཞིང་། གསོ་རིག་གི་གཞུང་ལས་གསུངས་པ་ལྟར་དགུན་དུས་སུ་བ་སྤུའི་བུ་ག་ཟུམ་ཞིང་ལུས་ཀྱི་མེ་དྲོད་ནང་དུ་ལོག་པའི་དུས་ཡིན། སྐབས་འདིར་ལུས་ཟུངས་གསོ་བ་དང་དྲོད་བསྟེན་རྒྱུ་ནི་ཤིན་ཏུ་གལ་ཆེ་ལ། ལྷག་པར་དུ་སྙིང་དང་ཁྲག་རྩའི་ནད། དབུགས་ལམ་གྱི་འགོས་ནད་སོགས་སྔོན་འགོག་བྱེད་པའི་དུས་ཚིགས་གལ་ཆེན་ཞིག་ཀྱང་ཡིན།

དང་པོ། གྲང་ངར་སྔོན་འགོག་གི་གནད་འགག་ལྔ།

1.མགོ་བོ་གྲང་ངར་ལས་སྲུང་བ། གྲང་ངར་གྱིས་ཁྲག་རྩ་འཁུམ་དུ་འཇུག་པས། ཞོགས་པར་ཕྱི་རོལ་དུ་ལུས་སྦྱོང་བྱེད་པར་འགྲོ་སྔ་མི་རུང་བ་དང་། མལ་ལས་ལངས་སྐབས་དང་ཕྱིར་འགྲོ་སྐབས་དལ་གྱིས་བྱེད་པ། ཞྭ་མོ་གྱོན་པ་བཅས་བྱ་དགོས། (གལ་ཏེ་གློ་བུར་དུ་བྲང་ཁ་ན་བ་དང་། ཁ་ཡོ་བ། ཡན་ལག་ལ་ཤུགས་མེད་པ། སྐད་ཆ་མི་གསལ་བ་སོགས་བྱུང་ན་མྱུར་དུ་120ལ་ཁ་པར་གཏོང་དགོས།)

2.སྐེ་མཇིང་གྲང་ངར་ལས་སྲུང་བ། སྐེ་མཇིང་ནི་ཁྲག་རྩ་དང་གསང་མིག་མང་སའི་གནས་ཡིན་པས། གོང་བ་མཐོ་བའི་གོས་དང་སྐེ་དཀྲིས་གྱོན་དགོས།

3.རྐེད་པ་གྲང་ངར་ལས་སྲུང་བ། རྐེད་པ་ནི་མཁལ་མའི་གནས་ས་ཡིན་པས། དྲོད་སྲུང་ལེགས་པོ་བྱེད་པ་དང་། ལག་མཐིལ་གྱིས་རྐེད་པར་ཕུར་མཉེད་བྱས་ནས་དྲོད་བསྐྱེད་ན་ལེགས།

4.རྐང་པ་གྲང་ངར་ལས་སྲུང་བ། གྲང་ངར་རྐང་མཐིལ་ནས་ལྡང་བས། ཆུའི་དྲོད་ཚད་40℃ཙམ་གྱི་ནང་དུ་སྐར་མ་20ནས་30བར་རྐང་པ་སྦངས་ཏེ། དེ་རྗེས་རྐང་མཐིལ་ལ་འཕུར་མཉེད་བྱ་དགོས།

5.སྣ་ཁུག་གྲང་ངར་ལས་སྲུང་བ། ཞོགས་པ་དང་དགོང་མོ་གཉིད་ཁུག་ཁར་སྣ་གདོང་གི་གཡས་གཡོན་དུ་མཐེ་བོང་གིས་ཐེངས་30ཙམ་འཕུར་མཉེད་བྱ་དགོས།(དམིགས་བསལ་མི་ཚོགས། རྒན་རྒོན་དང་བྱིས་པ། ནད་པ་བཅས་ཀྱིས་མི་ཚོགས་མང་སར་འགྲོ་རྒྱུ་ཉུང་དུ་གཏོང་བ་དང་། ཁ་རས་གྱོན་པ། ལག་པ་ཡང་ཡང་འཁྲུ་དགོས།)

གཉིས་པ། སྤྱིའི་རྩ་དོན། དྲོད་དང་། དྭངས་མ། སེམས་ཁམས་བཅས་གསོ་བ།

1.དྲོད་གསོ་བ། གྲང་སར་མི་བསྡད་པར་དྲོད་བསྟེན་པ་དང་། ངལ་དུབ་ཆེ་དྲགས་མི་རུང་བ། སྔ་ཉལ་ཕྱི་ལངས་བྱེད་པ། རྔུལ་ཆུ་མང་པོ་མི་འདོན་པར་གོམ་པ་སྤོ་བ་སོགས་ལྷོད་ཆགས་པའི་ལུས་སྦྱོང་བྱེད་དགོས།

2.དྭངས་མ་གསོ་བ། དགུན་དུས་ནི་མཁལ་མ་གསོ་བའི་དུས་བཟང་ཡིན་པས། ལུས་ཀྱི་གསང་མིག(དཔེར་ན་རྐང་མཐིལ་སོགས)ལ་འཕུར་མཉེད་བྱས་ན་གཉིད་ཁུག་པར་ཕན།

3.སེམས་ཁམས་གསོ་བ། དགུན་དུས་ཉི་འོད་ཕོག་ཡུན་ཐུང་བས་སེམས་ཁམས་སྐྱོ་བ་དང་གཉིད་མི་ཁུག་པའི་སྣང་ཚུལ་འབྱུང་སླ་བས། ཉི་མར་མང་ཙམ་སྲོ་དགོས།

གསུམ་པ། མཁལ་མ་དང་ལུས་ཟུངས་གསོ་སྟངས།

དགུན་དུས་སུ་ལུས་ཟུངས་གསོ་བར་སྟར་ཀ་དང་། ཏིལ་ནག་པོ། ཤ་མོག་མོག ཚགས་ཤ ལུག་ཤ སྲན་ནག་སོགས་དྲོད་བཅུད་ཀྱི་ཟས་རིགས་བསྟེན་ན་ལེགས།(གལ་འཛིན། གལ་ཏེ་རྐང་པར་ཆུ་བསགས་ནས་མནན་རྗེས་མྱུར་དུ་ཕྱིར་མི་ལོག་པ་དང་། གཅིན་པར་ལྦུ་བ་མང་བ། ཁྲག་གཅིན་འཛག་པ། མཚན་མོར་གཅིན་པ་ཐེངས་4-5ལས་མང་བ་གཏོང་དགོས་ཚེ་སྨན་ཁང་དུ་བསྟེན་དགོས་པ་ལས་ཟས་བཅུད་ཁོ་ནར་བརྟེན་མི་རུང་།)

བཞི་པ། བཟའ་བཏུང་གི་སྤང་བླང་།

སྤྱིར་དྲོད་བཅུད་ཀྱི་ཟས་རིགས་ཏེ་བྱ་ཤ་དང་། ལུག་ཤ ཚགས་ཤ་སོགས་འོས་འཚམ་ཟ་དགོས་ཤིང་། རྒྱུན་དུ་ཆུ་འཁོལ་མ་ཁམ་ཆུང་ཆུང་བྱས་ནས་འཐུང་དགོས།

མི་ཟ་བ་གསུམ། ཟས་རྗེན་པ་དང་གྲང་མོའི་རིགས་མི་ཟ་བ། ཚ་ཤས་ཆེ་ཞིང་སྐམ་ཤས་ཆེ་བའི་ཟས་རིགས(སུར་པན་སོགས)མི་ཟ་བ། རྒྱགས་དྲགས་པ་མི་ཟ་བ་བཅས་སོ།།(ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན་གྱི་འཕྲིན་སྟེགས།)

中共阿坝州委机关报 阿坝州新闻传媒中心出版
阿坝州新闻传媒中心版权所有 未经书面授权 不得复制或建立镜像
  蜀ICP备05005001号-1  违法和不良信息、虚假新闻举报:0837-2828785

2026-11-17 དགུན་ཚུགས་ཀྱི་ལུས་གསོ། 4 4 阿坝日报藏文 c230197.html 1 ཁྱེད་ཀྱིས་དགུན་ཁར་ནད་མི་འབྱུང་ བའི་གསང་བ་འདི་དག་ཤེས་སམ། /enpproperty-->